ཚོགས་ཆེན་སྤྲུལ་སྐུ་རྡོ་བུམ་རིན་པོ་ཆེ་སྐུ་གཤེགས་འདུག
ལྡི་ལི་བོད་ཁང་གི་དབུ་འཛིན་ཟུར་པ་དང་སྐུ་སྒེར་དྲུང་ཆེ་ཟུར་པ། རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་ཟུར་པ། འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་དགེ་བའི་བཤེས་གཉེན་ཆེན་མོ་ཚོགས་ཆེན་སྤྲུལ་སྐུ་རྡོ་བུམ་རིན་པོ་ཆེ་གདན་ས་ཆེན་པོ་འབྲས་སྤུངས་སུ་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཚེས་༢༩ ཉིན་གྱི་ཞོགས་པ་རྒྱ་གར་གྱི་ཕྱག་ཚོད་༦།༢༥ ཐོག་ཚོགས་ཆེན་སྤྲུལ་སྐུ་རྗེ་བཙུན་བློ་བཟང་བསྟན་འཛིན་རྒྱལ་མཚན་མཆོག་དགུང་གྲངས་༨༢ ཐོག་བྱེས་ཀྱི་གདན་ས་ཆེན་པོ་འབྲས་སྤུངས་སུ་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག
སྤྱིར་རྡོ་བུམ་སྐུ་ཕྲེང་གསུམ་པ་བློ་བཟང་བསྟན་འཛིན་མཆོག་ནི་རབ་བྱུང་བཅུ་དྲུག་པའི་ཆུ་རྟ། ཕྱི་ལོ་༡༩༤༡ ལོར་མདོ་ཁམས་སྒ་སྐྱེ་རྒུ་མདོ་དང་ཁད་ཉེ་བར་སྒ་བཞི་དབུས་མདོ་ཞེས་པའི་འབྲོག་སྡེ་རུ་ཡབ་བཀྲ་ཤིས་དཔལ་འབྱོར་དང་ཡུམ་ལོ་ཡག་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་ལྔ་དྲུག་ཙམ་ནས་མདོ་ཁམས་ཏྲེ་ཧོར་བཀྲ་ཤིས་དར་རྒྱས་དགོན་དུ་རབ་ཏུ་བྱུང་སྟེ་ཁྲི་འདོན་མཛད་ནས་འཁྲུངས་གསར་བློ་བཟང་དཔལ་ལྡན་དང་། ཧོར་ཆོས་རྗེ་སྐུ་ཕྲེང་དྲུག་པ་བློ་བཟང་དཔལ་ལྡན་སོགས་ཚད་ལྡན་གྱི་དགེ་བའི་བཤེས་གཉེན་མང་པོ་བསྟེན་ནས་སྐད་ཡིག་རིག་གནས་དང་ནང་དོན་རིག་པའི་གཞུང་ཆེན་ལ་སློབ་གཉེར་གནང་ཞིང་། དགུང་ལོ་བཅུ་གཉིས་ཐོག་བོད་ཀྱི་ཡུལ་དབུས་སུ་ཕེབས་ཏེ་རིགས་པ་སྨྲ་བའི་མཁས་པ་དུ་མ་བསྟེན་ཏེ་གཞུང་ཆེན་ཀ་པོད་ལྔའི་ཐོག་གསན་བསམ་མཛད་བཞིན་པའི་སྐབས་བོད་ས་ཡོངས་རྫོགས་རྒྱ་ནག་གིས་བཙན་བཟུང་བྱས་རྗེས་༡༩༥༩ ལོར་རྒྱ་གར་ལ་བཙན་བྱོལ་ལ་ཕེབས་པ་དང་། བྱེས་ཀྱི་ཆོས་སྡེ་དང་པོ་སྦག་ས་ཆོས་སྒར་དུ་བཞུགས་ནས་མུ་མཐུད་གསན་བསམ་སློབ་གཉེར་གནང་བ་དང་༧གོང་ས་མཆོག་གི་ཞལ་སྔ་ནས་དགེ་སློང་གི་སྡོམ་པ་བཞེས་པ་མ་ཟད་༧གོང་ས་མཆོག་དང་སྐྱབས་རྗེ་ཡོངས་འཛིན་རྣམ་གཉིས། སྐྱབས་རྗེ་ཟོང་རིན་པོ་ཆེ་མཆོག སེར་བྱེས་དགེ་བཤེས་ཨོ་རྒྱན་ཚེ་བརྟན་སོགས་ལས་མདོ་སྔགས་ཀྱི་གསེར་ཆོས་དུ་མའི་དབང་ལུང་མན་ངག་རྒྱ་ཆེ་གསན། ཕྱི་ལོ་༡༩༦༩ལོར་ཝཱཎ་ལེགས་སྦྱར་མཐོ་སློབ་ཏུ་ཞུགས་ནས་ཕྱི་ལོ་༡༩༧༢ལོར་ཨཙཱརྱའི་ཨང་དང་པོའི་ཕྱག་ཁྱེར་བཞེས།

ཕྱི་ལོ༡༩༧༢ ལོར་རང་གཞུང་གིས་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་དབུ་འཛིན་དུ་བསྐོ་གཞག་གནང་བ་ལྟར་ཐུགས་འགན་བཞེས་པ་དང་། དཔེ་མཛོད་ཁང་དུ་བོད་ཡིག་གི་དཀར་ཆག་དེང་ལུགས་དང་མཐུན་པར་སྒྲིག་སྟངས་དང་། གསུང་རབ་སྡེ་ཚན་དབྱེ་སྟངས་གསར་གཏོད་བཅས་ཀྱི་འགན་ཁུར། ཕྱི་ལོ་༡༩༧༥རང་ལོ་སོ་བཞིའི་ཐོག་དགེ་བཤེས་ལྷ་རམས་པའི་མཚན་རྟགས་བཞེས། ཕྱི་ལོ་༡༩༧༧ལོར་༧གོང་ས་མཆོག་གི་བཀའ་དགོངས་བཞིན་སྐུ་སྒེར་དྲུང་ཆེའི་ཕྱག་ལས་གནང་། ༧གོང་ས་མཆོག་གི་ཆིབས་ཞབས་ཞུས་ནས། འཇར་པན་དང་། སུད་ཛི་ལན། ཨ་རི། ཨུ་རུ་སི། སོག་ཡུལ་བཅས་ལ་ཕེབས་པ་དང་།
ཕྱི་ལོ་༡༩༨༡ལོར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ན་ཡོད་པའི་བོད་ཁང་འདི་ཉིད་གནའ་དེང་རིག་གཞུང་དང་བཅས་པའི་བསྟི་གནས་གལ་ཆེན་ཞིག་ལ་བརྩིས་ནས་གོང་རིམ་ནས་བཀའ་མངགས་ལྟར། ལྡི་ལི་བོད་ཁང་གི་འགན་འཛིན་གནང་ནས་བོད་ཀྱི་ཐུན་མོང་དང་ཐུན་མོང་མིན་པའི་རིག་གནས་ཐོག་ཞིབ་འཇུག་དང་། མཁས་དབང་མཉམ་འཛོམས་ཀྱི་བགྲོ་གླེང་ཞིབ་འཇུག དཔྱད་གཏམ་སྤེལ་བའི་དེབ་ཕྲེང་ཟ་མ་ཏོག་སོགས་སྤེལ་བ་ལ་བརྟེན། ལྡི་ལི་བོད་ཁང་འདི་ཉིད་བཙན་བྱོལ་ཁྲོད་ཀྱི་བོད་ཀྱི་གནའ་དེང་རིག་པའི་གཞུང་ལུགས་ཉམས་ཞིབ་ཁང་གི་བསྟི་གནས་སུ་བསྒྱུར།
ཕྱི་ལོ་༡༩༨༧ལོར་རྒྱ་གར་གྱི་སྲིད་བློན་དམ་པ་ར་ཇི་གྷན་རྡི་དང་དངོས་སུ་མཇལ་འཕྲད་གནང་ནས་བསྟན་པའི་བདག་པོ་སྟོན་པ་བཅོམ་ལྡན་འདས་ཀྱི་སྐུ་བརྙན་ཆེན་པོ་ཞིག་བཞེངས་རྒྱུའི་ཆོག་མཆན་ཞུས་དོན་བཞིན། སྲིད་བློན་མཆོག་གི་ཐུགས་དགྱེས་ཚོར་ཆེན་པོས་བཀའ་འཁྲོལ་གནང་བ་ལྟར་དངོས་སུ་ལས་མགོ་བཙུགས་ཏེ་༡༩༩༣ལོར་ཡོངས་སུ་མ་ཚང་བ་མེད་པར་ལེགས་གྲུབ་བྱུང་ཏེ་དེང་སྐབས་ལྡི་ལིའི་སྟོན་པའི་སྐྱེད་ཚལ་(BUDDHAGARDEN) ་ཞེས་པའི་ནང་མཇལ་རྒྱུ་ཡོད་པ་རེད། ཁྱད་པར་དུ་ངོ་མཚར་རྨད་དུ་བྱུང་བའི་ལོ་རྒྱུས་ཅན་གྱི་སངས་རྒྱས་ཀྱི་སྐུ་བརྙན་གཅིག་སྟོང་ལྔ་བརྒྱ་ཐེ་ལན་(Thailand) ཡུལ་ནས་མཁན་པོ་ས་བྷ་ར་ཛ་ཞེས་པས་༧གོང་ས་མཆོག་མཇལ་འཕྲད་གནང་བ་དང་འབྲེལ་རྒྱ་གར་དུ་གདན་འདྲེན་ཞུས་ཐུབ་ཅིང་། དེ་དག་གི་བཞུགས་གནས་ས་ཆ་གང་ལེགས་བཀོད་སྒྲིག་ཐབས་ཤེས་སྣ་དགུ་གནང་སྟེ་རྣམ་དཀར་གྱི་བྱ་བ་ལེགས་པར་བསྐྱངས། ཕྱི་ལོ་༡༩༩༩ཟླ་༥ ་ཚེས་༩ ་ཉིན་ཐེ་ལེན་(MBU) ་ཚོགས་པས་ཆེ་བསྟོད་འབུམ་རམས་པའི་ཕྱག་ཁྱེར་འབུལ་བཞེས་གནང་ཡོད་ལ། སྐབས་དེའི་ཨ་རིའི་སྲིད་འཛིན་(George W. Bush) དང་དབྱིན་ཡུལ་གྱི་རྒྱལ་སྲས་(Prince Charles) (Archbishop Desmond Tutu) གཙོས་པས་གྲགས་ཅན་མི་སྣ་དུ་མར་སྔ་ཕྱིར་མཇལ་འཕྲད་གནང་བ་སོགས་ཀྱིས་བོད་ཀྱི་རྩ་དོན་ལ་སྨན་པའི་མཛད་ཆེན་ཕུལ་དུ་ཕྱིན་པ་བྱུང་ཡོད།

དེ་བཞིན་ལྡི་ལི་བོད་ཁང་གི་འགན་འཛིན་དང་ཏཱ་ལའི་བླ་མའི་ཐེབས་རྩའི་འགན་འཛིན་གཅིག་ལྕོགས་གནང་མུས་ཐོག་༧གོང་ས་མཆོག་གི་བཀའ་དགོངས་ལྟར་ཨ་རི་དང་། ཐེ་ལན། ཉི་ཧོང་། འཇར་པན། འཇར་མནན། སྦེ་ལོར་སོགས་ཕྱི་རྒྱལ་གྱི་ཡུལ་གྲུ་གནད་ཅན་གང་སར་བགྲོ་གླེང་སྣ་ཚོགས་ལ་ཕེབས་པ་དང་། བོད་ཀྱི་རིག་གཞུང་ངོ་སྤྲོད། རིག་གཞུང་འཁྲབ་སྟོན་མཛད་སྒོ་འདྲ་མིན་འཚོགས་པ། འཛམ་གླིང་རོལ་དབྱངས་དུས་སྟོན་གལ་ཆེའི་མཛད་སྒོ་ཁག་བཅས་ལ་འཛམ་གླིང་ཞི་བདེ་ལ་སྨན་པའི་བཀའ་སློབ་དང་འབྲེལ་བོད་ཀྱི་རྩ་དོན་ལ་ཕན་པའི་གསུང་བཤད་ཡང་ཡང་གནང་བས་བོད་དོན་གྱི་ཆེད་དུ་རྒྱབ་སྐྱོར་གནང་མཁན་གནད་ཡོད་མི་སྣ་མང་དུ་བྱུང་ཡོད།
སྔ་ཕྱིར་རྒྱལ་བའི་ཆོས་ཚུལ་དང་། ལྷད་མེད་དངུལ་དཀར་མེ་ལོང་། ལེགས་བཤད་རྡོ་དང་སའི་བསྟན་བཅོས། དབྱིན་བོད་གཉིས་ནང་གི་མཚོ་དང་ཟླ་བའི་བསྟན་བཅོས་སོགས་དཔེ་དེབ་ཁག་ཅིག་ལྗགས་རྩོམ་མཛད་པ་དང་། རྗེའི་གསུང་ལམ་གཙོ་རྣམ་གསུམ་དབྱིན་སྐད་དུ་བསྒྱུར་བ་དང་། བོད་དོན་ལ་ཕན་རླབས་ཆེ་བའི་གསུང་རྩོམ་ཐུང་ངུ་ཤིན་ཏུ་མང་པོ་རྒྱ་བོད་དབྱིན་གསུམ་གྱི་དུས་དེབ་དང་ཚགས་པར་བརྒྱུད་འགྲེམས་སྤེལ་གནང་། དེང་སྐབས་ལྡི་ལི་བོད་ཁང་གི་འགན་འཛིན་ལས་བགྲེས་ཡོལ་ཞུས་ཟིན་ན་ཡང་འཛམ་གླིང་གང་སར་ཕྱོགས་ཕེབས་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་ལ་ཞབས་འདེབས་ཞུ་མུས་ཡིན་པའི་སྐབས། ཕྱི་ལོ་༢༠༢༤ ཟླ་༡ ཚེས་༢༩ ཉིན་གང་ཉིད་ཀྱི་གདན་ས་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་དུ་སྐུ་གཤེགས་ཡོད་འདུག
ཁོང་ཉིད་འདས་གྲོངས་སུ་གྱུར་པའི་ཡིད་སྐྱོའི་གནས་ཚུལ་དག་བརྒྱུད་ལམ་ཁག་ཏུ་ཁྱབ་པ་དང་། རྩོམ་པ་པོ་དང་ཤེས་ཡོན་ཅན་དུ་མས་ཁོང་གི་མཛད་རྗེས་ལ་རྩོམ་ཡིག་གི་ལམ་སོགས་ནས་བསྔགས་བརྗོད་ཞུ་བ་དང་། བློ་ཕམ་དང་བཅས་ཁོང་ལ་མྱ་ངན་ཞུ་བཞིན་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།