ཚོགས་པ་གཅིག་གི་རྗེས་སུ་རྒྱུག་མི་རུང་།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༨༢༧ ཕྱི་ལོ་ ༢༠༢༠/༡༡/༡༡

ཉེ་ཆར་ཨ་རིའི་སྲིད་འཛིན་གྱི་འོས་བསྡུ་དེ་ཉིད་ཚ་ཚ་འུར་འུར་དང་འགྲན་རྩོད་ཆེན་པོའི་ཐོག་ནས་སོང་ཡོད་པ་དང་། བཙན་བྱོལ་བོད་མི་མང་པོ་ཞིག་གིས་ཀྱང་ངོ་དེབ་སོགས་སུ་བགྲོ་གླེང་ཤུགས་ཆེན་པོ་བྱེད་བཞིན་པ་མ་ཟད། བོད་པ་ནང་ཁུལ་དུ་ཁ་རྡུང་གཏོང་རེས་ཀྱང་མང་པོ་ཞིག་བྱས་སོང་། སྤྱིར་ཨ་རིའི་རྒྱལ་ཡོངས་སུ་བོད་པ་གནས་སྡོད་བྱེད་མཁན་གྱི་གྲངས་ཚད་ཐག་བཅད་ནས་བཤད་དཀའ་ནའང་། ཉེ་ཆར་བཙན་བྱོལ་བོད་མིའི་འོས་བསྡུའི་ནང་དེབ་སྐྱེལ་བྱེད་མཁན་ཁྱོན་བསྡོམས་༡༠༢༩༣ ཙམ་བྱུང་ཡོད་ཚོད་འདུག་ལ། དེའི་ནང་དུ་ཨ་རིའི་མི་སེར་གྱི་ཐོབ་ཐང་རག་མེད་མཁན་ཡང་མང་པོ་ཡོད་པས། ཨ་རིའི་འོས་བསྡུའི་ནང་བོད་པའི་འོས་ཤོག་གིས་བག་ཆགས་འཇོག་ཐུབ་པ་ཞིག་གང་ཡང་མེད། འོན་ཀྱང་མི་སྡེའི་སྤྱི་ཚོགས་ཤིག་གི་ཆ་ཤས་སུ་གྱུར་ཟིན་པའི་རྗེས་སུ་སྤྱི་ཚོགས་དེ་དང་འབྲེལ་བའི་རྣམ་འགྱུར་སྟོན་རྒྱུ་དང་། གོ་སྐབས་ལེན་རྒྱུ་དེ་ཡང་རྒྱུན་ལྡན་ནམ་རང་བཞིན་ལྟ་བུར་གྱུར་ཟིན་པས། དེ་ནི་སུ་གཅིག་གིས་འགོག་ཐུབ་པ་ཞིག་མ་རེད་ལ་འགོག་འོས་པ་ཞིག་ཀྱང་མ་རེད།
ད་ལྟ་ཨ་རིའི་སྲིད་འཛིན་གྱི་འོས་བསྡུ་འདིར་བཙན་བྱོལ་བོད་མིས་སྔར་དང་མི་འདྲ་བའི་དོ་སྣང་ཆེན་པོ་བྱས་སོང་ལ། དེ་ཡང་ཕྱོགས་གཅིག་ནས་ངོ་དེབ་སོགས་སྤྱི་ཚོགས་འཕྲིན་ལམ་ཁག་དར་ཁྱབ་ཆེན་པོ་ཡོད་པའི་རྒྱུ་མཚན་དང་། ཕྱོགས་གཅིག་ནས་ཨ་རིའི་སྲིད་འཛིན་གྱི་འོས་གཞི་གཉིས་ཀ་རྒྱ་ནག་ལ་འཛིན་པའི་སྲིད་བྱུས་མི་འདྲ་བའི་གླེང་གཞི་དེ་ཉིད་ཧ་ཅང་གལ་ཆེན་པོ་ཡིན་པའི་རྣམ་འགྱུར་གྱི་ཐོག་ནས་གླེང་ཡོད་པས་ཀྱང་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། དོ་སྣང་བྱེད་པ་ནི་གལ་ཆེན་པོ་ཡིན་པ་དང་རྣམ་འགྱུར་སྟོན་པ་དེ་ང་རང་ཚོའི་གནས་སྟངས་ལ་གཞིགས་ནས་བལྟས་ན་ཅུང་ཚད་ལས་བརྒལ་བའི་རྣམ་པ་ཞིག་མཐོང་རྒྱུ་འདུག གང་ལྟར་མང་གཙོ་ཚོགས་པ་དང་། སྤྱི་མཐུན་ཚོགས་པ་གང་གི་ངོས་ནས་བཤད་ཀྱང་རྒྱབ་སྐྱོར་བྱེད་པར་རྒྱུ་མཚན་ཡོད་ལ། སྐབས་འདིའི་སྲིད་འཛིན་འོས་གཞི་ཌོ་ནལ་ཊོམ་དང་། ཇོ་བྷེ་ཌན་གཉིས་ལ་རྒྱབ་སྐྱོར་བྱེད་མཁན་སོ་སོར་ཡང་རྒྱུ་མཚན་རེ་ཡོད་པས། དེ་ནོར་བ་དང་འགྲིག་པའི་ལྟ་ཚུལ་རེད་ཅེས་མཐའ་གཅིག་ཏུ་ཐག་གཅོད་ཐུབ་པ་ཞིག་མ་རེད།
མི་སྒེར་ངོས་ནས་སྲིད་དོན་ཚོགས་པ་དང་། སྲིད་འཛིན་གྱི་འོས་གཞི་སོ་སོར་རྒྱབ་སྐྱོར་བྱེད་མཁན་དག་གི་ངོས་ནས་རྣམ་འགྱུར་སྟོན་སྟངས་དང་། བོད་ཡིག་ཐོག་བགྲོ་གླེང་བྱས་པར་ཉེན་ཁ་ཆེན་པོ་དེ་ཙམ་མེད་ཀྱང་། བོད་པ་དབྱིན་ཡིག་ཐོག་རྩོམ་ཡིག་དང་བསམ་ཚུལ་འབྲི་མཁན། དེ་བཞིན་བོད་པའི་གསར་ཁང་ཁག་གིས་སྲིད་དོན་ཚོགས་པ་དང་སྲིད་འཛིན་འོས་མི་གང་རུང་གི་ཕྱོགས་བཟུང་བ་ལྟ་བུའི་རྣམ་འགྱུར་ཅུང་ཙམ་རེ་མཐོང་རྒྱུ་ཡོད་པ་ནི། མ་འོངས་པར་ཉེན་ཁ་ཆེན་པོ་ཞིག་ཏུ་ངོས་འཛིན་བྱེད་ཆོག་པ་ཞིག་རེད། ད་ལྟའི་ཆར་ཨ་རིའི་སྲིད་དོན་ཚོགས་པ་དང་། སྲིད་འཛིན་སུ་ཡིན་ལ་བོད་དོན་རྒྱབ་སྐྱོར་ཆེད་ཁྱད་པར་ཆེན་པོ་དེ་ཙམ་འགྲོ་རྒྱུ་མིན་པ་དེ་གསལ་པོ་རེད། འོན་ཀྱང་ཨ་རིར་གནས་སྡོད་བོད་པ་ཨ་རིའི་འོས་འཕེན་པ་ཉུང་ཤས་ཙམ་གྱིས་ཨ་རིའི་སྲིད་འཛིན་ལ་ཐོབ་ཤོར་ཆེན་པོ་བཟོ་རྒྱུའི་ནུས་པ་གང་ཡང་མེད་ཀྱང་། སེམས་ལ་རྨ་ཁ་བཟོ་བའི་ཚིག་ཁ་ཤས་དང་། སྣང་བར་མི་འགྲོ་བའི་རྣམ་འགྱུར་ཁ་ཤས་ཀྱིས་སྲིད་དོན་ཚོགས་པ་གང་ཡིན་ཡང་ཕོག་ཐུག་གཏོང་མི་རུང་བ་ཞིག་རེད།
གནས་སྐབས་སྲིད་དོན་ཚོགས་པ་གཅིག་ལ་རྒྱལ་ཁ་ཐོབ་ཀྱང་། མ་འོངས་པར་ལོ་བཞི་འམ། ཡང་ན་ལོ་བརྒྱད་ཀྱི་མཚམས་སླར་ཡང་འགྱུར་བ་ཆེན་པོ་འགྲོ་སྲིད་པ་ནི་གསལ་པོ་ཡིན་པས། དེ་ནི་གཟབ་དགོས་པའི་གནད་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད། དཔེ་མཚོན་ཆུང་ཆུང་ཞིག་གི་ཐོག་ནས་བཤད་ན། ལོ་ཤས་སྔོན་རྒྱ་གར་ཧི་མ་ཅལ་མངའ་སྡེའི་འོས་བསྡུའི་སྐབས་བཞུགས་སྒར་དྷ་རམ་ས་ལའི་འོས་མི་མངའ་སྡེའི་བློན་ཆེན་ཞིག་ལ། དྷ་ས་བོད་པའི་ས་གནས་མགོ་འཛིན་དང་། ས་འཐུས་ཚོགས་གཙོ་སོགས་ཀྱིས་སྒེར་ངོས་ནས་རྒྱབ་སྐྱོར་གྱི་རྣམ་འགྱུར་བསྟན་པ་ངོ་དེབ་སོགས་སུ་བཀོད་ཡོད་ལ། རྗེས་སུ་སྐབས་དེར་རྒྱབ་སྐྱོར་བྱེད་ཡུལ་དེ་ས་གནས་རྒྱ་གར་གྱི་འོས་བསྡུའི་ཁྲོད་ཕམ་ཉེས་བྱུང་བ་དང་། དེ་སྔོན་དྷ་ས་རྒྱ་གར་གྲོང་སྡེའི་ལས་ཁུངས་སུ་ས་གནས་མགོ་འཛིན་དེ་ཚོགས་མིའི་ངོ་བོའི་ཐོག་ནས་ཡོད་པ་དེ་ལམ་སང་ཕྱིར་འཐེན་བྱས་པ་ལྟ་བུ་རེད། དེར་བརྟེན་མ་འོངས་པར་རྒྱལ་ཁབ་དང་ས་གནས་གང་ཡིན་ཡང་ས་གནས་ཀྱི་སྲིད་དོན་ནང་འཛུལ་ཞུགས་བྱ་རྒྱུ་དེར་མི་སྒེར་གྱི་ངོས་ནས་ཕན་ཐོགས་ཅུང་ཙམ་རེ་ཡོད་སྲིད་ཀྱང་། བོད་པ་སྤྱི་ལ་གནོད་སྐྱོན་ཆེན་པོ་ཡོད་པས་ངེས་པར་གཟབ་དགོས་པ་ཞིག་ཏུ་སྣང་།
མདོར་ན་བཙན་བྱོལ་བོད་མི་ཞིག་ཡིན་པ་ཙམ་གྱིས་རང་བཙན་ཅན་གྱི་རྒྱལ་ཁབ་གང་ཞིག་གི་མི་སེར་ཡིན་མིན་ཙམ་ལ་མ་ལྟོས་པར་བོད་པའི་རྩ་དོན་ལ་བསམ་བློ་གཏོང་དགོས་ལ། བོད་དོན་ཆེད་རྒྱལ་ཁབ་སོ་སོའི་ནང་གི་སྲིད་དོན་ཚོགས་པ་ཚང་མས་རྒྱབ་སྐྱོར་བྱེད་ཐུབ་པ་ཞིག་དང་། སྲིད་འཛིན་སྲིད་བློན་སུ་ཡིན་ཡང་ཆེད་དུ་བོད་དོན་ལ་སྐྱག་སྐྱག་བྱེད་མི་དགོས་པའི་ཁོར་ཡུག་ཅིག་བསྐྲུན་ཐུབ་དགོས་པ་དེ་བཙན་བྱོལ་བོད་མིའི་ལས་འགན་དུ་གྱུར་ཡོད། ད་དུང་ཁ་གསལ་ཙམ་བརྗོད་ན། རྒྱ་གར་དང་། ཨ་རི་གཙོར་གྱུར་བོད་དོན་དང་འབྲེལ་བ་ཆེན་པོ་ཡོད་པའི་རྒྱལ་ཁབ་ཁག་གི་སྲིད་དོན་ཚོགས་པ་བྱེ་བྲག་པ་གཅིག་གིས་བོད་པ་སྐྱོབ་མི་ཐུབ་ལ། བོད་དོན་ཐག་གཅོད་དེ་བས་ཀྱང་བྱེད་མི་ཐུབ། ད་དུང་བོད་དོན་ཐག་གཅོད་ཡོང་བར་དུས་ཡུན་རིང་པོ་འགོར་ངེས་པས། འཐབ་རྩོད་ཀྱི་དགོས་མཁོ་དང་རྩ་དོན་གྱི་གལ་གནད་སོགས་གང་ལ་བསམ་ཡང་། གནད་དོན་དེའི་ཐོག་བོད་མིའི་སྒྲིག་འཛུགས་དང་བོད་པའི་སྤྱི་ཚོགས་ཀྱིས་ངེས་པར་དུ་བསམ་བློ་གཏོང་དགོས་པ་ཞིག་ཏུ་སྣང་།།