ཚོགས་པ་དང་མི་མང་གི་ཁ་ཕྱོགས།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༨༧ ཕྱི་ལོ་ ༢༠༡༦/༣/༢༣
བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་སྲིད་སྐྱོང་གི་འོས་བསྡུ་ཆེན་མོ་འདི་ཉིད་ཚ་ཚ་འུར་འུར་དང་ཟིང་ཆ་ཆེན་པོའི་ཐོག་ནས་རྩོད་གླེང་བྱས་སོང། མི་མང་གི་ནང་དུ་འཁྲུག་རྩོད་བྱུང་ཚུལ་ཡང་ཚ་ཚ་འུར་འུར་གྱིས་སྤེལ་སོང། དོན་དངོས་ཐོག་སྲིད་སྐྱོང་གི་འོས་གཞི་གཉིས་ཀའི་སུ་སྲིད་སྐྱོང་དུ་སླེབས་ཀྱང་བོད་དོན་འཐབ་རྩོད་ཀྱི་གནད་དོན་ཐོག་ནས་ཁྱད་པར་ཆེན་པོ་ཞིག་གང་ཡང་མེད་ངེས་རེད། འོན་ཀྱང་འོས་བསྡུའི་འགྲན་རྩོད་ཀྱི་བརྒྱུད་རིམ་མང་པོ་ཞིག་ལ་བརྟེན་ནས་མ་འོངས་པར་བཙན་བྱོལ་བོད་པའི་སྤྱི་ཚོགས་དེ་ཇི་ལྟར་རྒྱུན་གནས་ཐུབ་མིན་དང། ལྷག་པར་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཞལ་མ་བཞུགས་པའི་གནས་སྟངས་ཤིག་བྱུང་བའི་དུས་སུ་གཅིག་སྒྲིལ་གྱི་ནུས་པ་གཏན་ནས་མེད་པ་ཞིག་ཏུ་འགྱུར་སྲིད་པའི་མངོན་རྟགས་ལྟ་བུ་ཞིག་ཏུ་མཐོང་མཁན་མང་པོ་ཡོད་པ་མ་ཟད། ལྷག་པར་དུ་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེས་གནད་དོན་དེ་ལ་དགོངས་པ་བཞེས་ནས་ཁོང་གིས་འོས་བསྡུའི་ནང་མཉམ་ཞུགས་གནང་མེད་སྐོར་ཡོངས་ཁྱབ་གནང་འདུག
སྐབས་འདིའི་འོས་བསྡུ་ཆེན་མོའི་བྱེད་སྟངས་ནི་གོང་དུ་བཤད་པ་བཞིན་འཁྲུག་ཆ་དོད་པོ་ཞིག་ཏུ་གྱུར་སོང་ཡང། ས་གནས་ཁག་གི་འོས་བསྡུའི་གྲུབ་འབྲས་རེ་རེ་བཞིན་ཁ་གསལ་ཆགས་ཡོང་བའི་སྐབས་སུ་བཙན་བྱོལ་ནང་གི་ཆབ་སྲིད་པ་དང་མི་མང་དབར་དོན་གྱིས་འབྲེལ་བ་མེད་པ་དང། ལྷག་པར་དུ་སྤྱི་དོན་གྱི་ཐོག་ལ་བསམ་བློ་གཏོང་སྟངས་རྦད་དེ་ཐ་དད་ཡིན་པའང་གསལ་པོ་བསྟན་ཡོང་གི་འདུག སྐབས་འདིའི་འོས་བསྡུ་ཆེན་མོའི་ནང་སྲིད་སྐྱོང་བློ་བཟང་སེང་གེ་ལ་ཚོགས་པ་སྐྱིད་སྡུག་སུ་གང་གིས་དམིགས་བསལ་རྒྱབ་སྐྱོར་བྱས་པ་མེད་པ་མ་ཟད། ཚོགས་པ་ཆེ་ཤོས་ཁག་ཅིག་གིས་ཆེད་དུ་ལྡོག་ཕྱོགས་ནས་ཁ་གཏད་བཅགས་ཀྱང་དེའི་ཁོངས་ནང་མི་མང་གིས་དེ་ལ་ཉན་འཇོག་གཏན་ནས་བྱས་མེད་པར། སླར་ཡང་སྲིད་སྐྱོང་དུ་བདམས་ཡོང་བ་དེ་ནི་གཞི་རིམ་མི་མང་རང་གི་འདོད་མོས་ཁོ་ན་གཞི་རྩར་བཟུང་བ་ཞིག་ལས། མཐོ་རིམ་མི་སྣ་སུ་གཅིག་གི་རྒྱུད་སྐུལ་བྱས་པ་ཞིག་མིན། དེར་བརྟེན་མི་མང་གི་བསམ་བློ་གཏོང་སྟངས་ཐོག་ནས་བཤད་ན་རང་ཚུགས་ཐུབ་པའི་བསམ་བློ་ཞིག་ཡོད་པ་གསལ་པོ་རྟོགས་ཐུབ།
ད་ལན་འོས་བསྡུ་ཆེན་མོ་འདིའི་ཐོག་ནས་གསལ་པོ་རྟོགས་ཐུབ་པ་ཞིག་ནི་འོས་བསྡུའི་སྒྲིག་གཞིའི་ནང་གནད་དོན་ཁ་ཤས་གསལ་ཁ་མེད་པ་དང། གནད་དོན་ཁ་ཤས་འཐུས་མ་ཚང་བའི་རྒྱུ་མཚན་ལ་བརྟེན་ནས་རྩོད་གླེང་གི་གཞི་རྩ་མང་པོ་ཞིག་གསལ་པོ་མངོན་ཡོད་པས། མ་འོངས་པར་འོས་བསྡུའི་སྒྲིག་གཞི་དེ་ཉིད་དབུས་འོས་བསྡུ་ལས་ཁང་ནས་གང་དྲན་དྲན་ལྟ་བུ་མ་ཡིན་པར་ཁྲིམས་སྒྲིག་གཞིའི་ཐོག་ནས་གསལ་ཁ་དོད་པ་ཞིག་བྱེད་དགོས་པ་དེ་གལ་ཆེ་ཤོས་སུ་གྱུར་ཡོད། འོས་བསྡུའི་སྒྲིག་གཞིའི་ནང་གི་གནད་དོན་མང་པོ་ཞིག་ཡིད་ཆེས་གཞི་རྩར་བཞག་པ་ཞིག་ཏུ་གྱུར་ཡོད་ཀྱང། ད་ལྟ་ཧ་ཅང་འཁྲུག་ཆ་དོད་པའི་སྤྱི་ཚོགས་འདིར་གནད་དོན་དེ་དག་ནི་རྩོད་རྙོག་གི་རྒྱུ་དང། ཆབ་སྲིད་ཀྱི་རྩེད་མོ་རྩེ་སའི་ལག་ཆ་ཞིག་ཏུ་འགྱུར་བཞིན་པའང་གསལ་པོར་གྱུར་ཡོད། དེར་བརྟེན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ཐོག་མ་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་ལ་ཚོགས་ཆུང་ཆེད་འཛུགས་ཀྱིས་ཕྱོགས་ཡོངས་ནས་བསྐྱར་ཞིབ་ཡག་པོ་ཞིག་བྱེད་མ་ཐུབ་ན་མ་འོངས་པར་ཡང་མུ་མཐུད་དཀའ་ངལ་འཕྲད་ངེས་སུ་གྱུར་ཡོད།
དེ་བཞིན་མ་འོངས་པར་ཆོལ་ཁ་སོ་སོའི་དབུས་རྒྱུན་གྱི་མིང་ཐོག་ནས་སྲིད་སྐྱོང་གི་འོས་གཞི་འདོན་རྒྱུའི་རྒྱུན་སྲོལ་འདི་ལའང་ཁྲིམས་སྒྲིག་གི་ཐོག་ནས་བསམ་བློ་གཏོང་དགོས་པ་མང་པོ་ཡོད་པ་དང། ཚོགས་པ་ཁག་ནས་མི་མང་མཉམ་ཁྲིད་ཐུབ་པའི་ནུས་པ་ཆེན་པོ་མེད་ནའང། ཆོལ་ཁ་ཕན་ཚུན་དབར་མི་མཐུན་པའི་གཞི་རྩ་བསྐྲུན་རྒྱུའི་ཤུགས་རྐྱེན་ཆེན་པོ་འགྲོ་བཞིན་པ་འདི་ལ་བལྟས་ན། འདི་ལྟར་མུ་མཐུད་འོས་གཞི་འདོན་པ་འདི་ཉིད་དགོས་པ་ལས་དགག་བྱ་ཆེ་བས་མ་འོངས་པར་ཆོལ་ཁ་སོ་སོའི་དབུས་རྒྱུན་གྱི་མིང་ཐོག་ནས་སྲིད་སྐྱོང་གི་འོས་གཞི་འདོན་མི་ཆོག་པར། ཐབས་ཤེས་གཞན་པ་ཞིག་དང་བརྒྱུད་ལམ་གཞན་པ་ཞིག་འཚོལ་དགོས་པའི་དུས་ལ་བབ་ཡོད་པ་མ་ཟད། གནད་དོན་འདི་དག་ཀྱང་འོས་བསྡུའི་སྒྲིག་གཞིའི་ནང་ཁ་གསལ་ཞིག་བཟོ་རྒྱུའི་ཐབས་ལམ་འཚོལ་དགོས་པ་ཧ་ཅང་གལ་ཆེ། བཙན་བྱོལ་སྤྱི་ཚོགས་དང་སྒྲིག་འཛུགས་འདི་བཙན་བྱོལ་དང་འཐབ་རྩོད་ཀྱི་གནས་བབས་ཤིག་ཏུ་གནས་ཡོད་སྟབས་རང་བཙན་ཅན་གྱི་རྒྱལ་ཁབ་ཁག་དང་བསྡུར་ཐབས་གཏན་ནས་མེད།
མདོར་ན་སྤྱི་ཚོགས་ཀྱི་གནས་སྟངས་དང་མིའི་བསམ་བློ་ལ་འགྱུར་བ་ཐེབས་པའི་གོ་རིམ་དང་བསྟུན་ཁྲིམས་སྒྲིག་ཁག་ལ་བསྒྱུར་བཅོས་བྱེད་མ་ཐུབ་ན། ནམ་ཞིག་སྤྱི་ཚོགས་དེ་ཉིད་ཁ་འཐོར་དགུ་འཐོར་དུ་གྱུར་ཟིན་པའི་རྗེས་སུ་བློ་འགྱོད་བྱེད་པ་ཙམ་ལས་ཐབས་ཤེས་གང་ཡང་མེད། ད་བར་མི་ལོ་དྲུག་ཅུ་ལ་ཉེ་བ་ཙམ་གྱི་རིང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་ཁུར་དབུ་ཁྲིད་འོག་མི་རབས་རྒན་པ་རྣམ་པས་འབད་བརྩོན་བྱས་ནས་བསྐྲུན་པའི་སྒྲིག་འཛུགས་དང། ཆིག་སྒྲིལ་གྱི་ནུས་པ་འདི་ཉིད་འཐོར་ཞིག་ཏུ་མི་འགྲོ་བ་ཞིག་བྱེད་དགོས་པ་ཧ་ཅང་གལ་ཆེ། དེ་ཡང་གཅིག་སྒྲིལ་ལ་གནོད་པའི་གཞི་རྩ་མང་པོ་ཞིག་ཁྲིམས་ཀྱི་དབང་བསྒྱུར་ཁོ་ན་ལ་བརྟེན་ནས་སྟངས་འཛིན་བྱེད་ཐུབ་པ་ཞིག་བྱུང་ན། དེ་གཟི་བརྗིད་དང་གལ་གནད་ཆེ་ཤོས་སུ་འགྱུར་ངེས་ཡིན་པ་ལས། སྐབས་འདིའི་འོས་བསྡུ་ཆེན་མོ་ལྟ་བུ་མུ་མཐུད་སོང་ན་དཀའ་ངལ་རང་བཞིན་གྱིས་འཕྲད་ངེས་རེད། ༧གོང་ས་མཆོག་ཞལ་བཞུགས་སྐབས་སྐྱོན་ཆེན་མོ་ལྷགས་མི་ཐུབ་ནའང། སྔོན་ཚུད་ནས་གྲ་སྒྲིག་ཡག་པོ་ཞིག་མེད་ན་དེའི་རྗེས་སུ་དཀའ་ངལ་དེ་དག་སེལ་ཐབས་ཧ་ཅང་ཁག་པོ་རེད་སྙམ།།