ཚོགས་པ་ ༡༥༩ ཡིས་མཉམ་འབྲེལ་རྒྱལ་ཁབ་ལ་པཎ་ཆེན་རིན་པོ་ཆེ་འཕྲལ་དུ་གློག་གྲོལ་གཏོང་དགོས་པའི་ཞུ་ཡིག་ཕུལ།
༸གོང་ས་མཆོག་གིས་ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༤ ཉིན་དགེ་འདུན་ཆོས་ཀྱི་ཉི་མ་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་འཁྲུལ་བྲལ་ཡིན་པར་ངོས་འཛིན་དང་ཡོངས་ཁྱབ་གསལ་བསྒྲགས་མཛད་ནས་ཉིན་གསུམ་ཕྱིན་པའི་རྗེས་སུ། རྒྱ་ནག་གཞུང་གིས་ཆུང་སྲིད་རིན་པོ་ཆེ་ཡབ་ཡུམ་དང་བཅས་པ་བཙན་ཁྲིད་གསང་ཉར་བྱས་པ་ནས་བཟུང་ད་བར་ལོ་ངོ་ ༢༥ ཕྱིན་པར་བརྟེན། རྒྱལ་ཁབ་ཁག་བཅོ་བརྒྱད་ནང་རྟེན་གཞི་བྱས་པའི་ཚོགས་པ་མི་འདྲ་བ་ ༡༥༩ ནས་མཉམ་རུབ་ཐོག་མཚན་རྟགས་བཀོད་དེ་འཛམ་གླིང་མཉམ་འབྲེལ་རྒྱལ་ཁབ་ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ཨེན་ཊོ་ནིའོ་གུ་ཊར་རེ་སི་(Mr Antonio Guterres)དང་། མཉམ་འབྲེལ་རྒྱལ་ཁྱབ་་ཀྱི་ཚོགས་ཆེན་གྱི་སྤྱི་ཚོགས་དང་། འགྲོ་བ་མིའི་བདེ་རྩ་། འགྲོ་བ་མིའི་ཐོབ་ཐང་ལས་དོན་ཚན་པའི་ཚོགས་གཙོ་སྐུ་ཞབས་ཁིར་སི་ཊིན་(Christian Braun) མཉམ་འབྲེལ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འགན་འཛིན་ལྕམ་སྐུ་ཨེ་ལི་ས་བྷེ་ཐི་(Ms Elisabeth Tichy- Fisslberger) མཉམ་འབྲེལ་རྒྱལ་ཁབ་ཀྱི་་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་གཙོ་ལྕམ་སྐུ་མི་ཤེ་ལེ་བྷ་ཤེ་ལེ་ཊི་(Michelle Bachelet Jeria) བཅས་ལ་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་དབུས་ཡབ་ཡུམ་རྣམ་པ་མགྱོགས་མྱུར་གློད་གྲོལ་གཏོང་དགོས་པའི་ཞུ་ཡིག་ཅིག་ཕུལ་འདུག
ཚོགས་པ་ ༡༥༩ ལས་གྲུབ་པའི་ཐུན་མོང་གི་ཞུ་ཡིག་ཕྱི་ཟླ་ ༥ ཚེས་ ༤ ཉིན་ཕུལ་འདུག་ཅིང་། དེའི་ནང་དོན་ཚན་གཙོ་བོ་ ༥ བཀོད་ཡོད་འདུག་སྟེ། དང་པོ། རྒྱ་ནག་གཞུང་གིས་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་དབུས་ཡབ་ཡུམ་རྣམ་པ་དང་། བྱ་བྲལ་རིན་པོ་ཆེ་མཆོག་བཅས་མགྱོགས་མྱུར་གློད་གྲོལ་གཏོང་དགོས་པ་དང་། གཉིས་པ། རྒྱ་གཞུང་གིས་བོད་ཀྱི་ནང་པ་དང་། ཤར་ཏུར་ཁི་ཤི་ཐན་གྱི་ཁ་ཆེ། དེ་བཞིན་ཡེ་ཤུ་པ་བཅས་ཀྱི་ཆོས་དད་རང་དབང་ཐོག་ཐེ་བྱུས་བྱེད་བཞིན་པ་འཕྲལ་དུ་མཚམས་འཇོག་བྱེད་དགོས་པ། གསུམ་པ། རྒྱ་ནག་གིས་བོད་དང་རྒྱ་ནག་གི་ས་ཁུལ་གཞན་ཁག་གི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པ་དེའི་སླད་དུ་རང་དབང་གི་དངོས་ཡོད་གནས་ཚུལ་རྟོག་ཞིབ་ཚོགས་ཆུང་རྒྱ་ནག་ཏུ་ཡོང་དུ་འཇུག་དགོས་པ། ལྔ་པ། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་མགྱོགས་མྱུར་གློད་གྲོལ་གཏོང་དགོས་པའི་སྐོར་གསར་འགོད་གསལ་བསྒྲགས་སྤེལ་དགོས་པ་བཅས་སོ། །
གསར་འགོད་པ་དཀོན་མཆོག་རབ་བརྟན།