ཚོགས་སྡེ་༡༤༥ཡིས་རྒྱ་ནག་གི་དྲིལ་བསྒྲགས་རྫུན་མའི་འགྲེམས་སྟོན་དེ་ཕྱིར་འཐེན་དགོས་པའི་འབོད་སྐུལ་ཞུས།
རྒྱལ་སྤྱིའི་ཐོག་བོད་དོན་དང་འབྲེལ་བའི་ཚོགས་སྡེ་ཁག་༡༤༥ ཐུན་མོང་གིས་བསྒྲགས་གཏམ་ཞིག་སྤེལ་ནས་རྒྱ་ནག་གི་དྲིལ་བསྒྲགས་རྫུན་མའི་འགྲེམས་སྟོན་ཤི་ཙང་ཕེན་ནོ་རཱ་མ་༼Xizang Panorama༽ ཞེས་པ་དེ་འཕྲལ་དུ་ཕྱིར་འཐེན་བྱེད་དགོས་པའི་འབོད་སྐུལ་ཞུས་འདུག

ཟླ་འདིའི་ཚེས་༢༧ ཉིན། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གིས་དྲྭ་ཐོག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱལ་སྤྱིའི་ཐོག་བོད་དོན་དང་འབྲེལ་བའི་ཚོགས་སྡེ་ཁག་༡༤༥ ཐུན་མོང་གིས་ཀ་ཐ་མན་གྲུའི་རྒྱལ་སྤྱིའི་རི་བོའི་གློག་བརྙན་དུས་སྟོན་༼KIMFF༽ ཞེས་པ་ལ་རྒྱ་ནག་གི་དྲིལ་བསྒྲགས་ལས་རིམ་ཤི་ཙང་ཕེན་ནོ་རཱ་མ་ཞེས་པ་དེ་འཕྲལ་དུ་ཕྱིར་འཐེན་བྱེད་དགོས་པའི་འབོད་སྐུལ་ཞུས་འདུག་པ་དང་།
དེ་ཡང་ཁོང་ཚོས་སྤེལ་བའི་བསྒྲགས་གཏམ་གྱི་ནང་དུ། ཤི་ཙང་ཕེན་ནོ་རཱ་མ་ཞེས་བོད་ལ་ཤི་ཙང་ཞེས་ནོར་འཁྲུལ་གྱིས་མིང་བཏགས་ཡོད་པ་དང་། ཤི་ཙང་ནི་ཆབ་སྲིད་ཀྱི་ངོ་བོ་ཤུགས་ཆེར་ལྡན་པའི་ཐ་སྙད་ཅིག་ཡིན་པ་མ་ཟད། བོད་བཙན་བཟུང་བྱེད་མཁན་རྒྱ་གཞུང་གིས་ཐ་སྙད་དེ་ཁྱབ་སྤེལ་བྱེད་བཞིན་ཡོད་པས། ཐ་སྙད་དེ་བཀོལ་སྤྱོད་བྱས་པ་དེས་བོད་ཀྱི་ཐུན་མོང་མ་ཡིན་པའི་ལོ་རྒྱུས་དང་རིག་གཞུང་གི་ངོ་བོ་ལ་ཁྱད་གསོད་བྱེད་ཀྱི་ཡོད་པར་བརྗོད་འདུག
དེ་བཞིན། ཤི་ཙང་ཕེན་ནོ་རཱ་མ་ཞེས་པའི་ལས་རིམ་ནང་། ཤི་ཙང་ཞེས་ནོར་འཁྲུལ་ཅན་གྱི་ཐ་སྙད་བེད་སྤྱོད་བྱས་ཡོད་པ་མ་ཟད། ལས་རིམ་ནང་བྷུ་དྷའི་མི་ཚེ་༼Life of Buda༽ ཞེས་པའི་གློག་བརྙན་སྟོན་རྒྱུ་ཞིག་ཡོད་པ་དང་། གློག་བརྙན་དེས་རྒྱ་ནག་གིས་བོད་བཙན་བཟུང་བྱས་པའི་ནི་ཞི་བའི་བཅིངས་འགྲོལ་ཡིན་ཚུལ་གྱི་གཏམ་རྒྱུད་རྫུན་མ་དྲིལ་བསྒྲགས་བྱེད་ཀྱི་ཡོད་པས། འགྲེམས་སྟོན་དེ་དག་ནི་རྫུན་མ་ཡིན་པ་མ་ཟད་ཉེན་ཁ་ཆེ་བ་ཞིག་ཀྱང་ཡིན་པ་དང་། ལྷག་པར་དུ་གློག་བརྙན་དུས་སྟོན་གྱི་དམིགས་ཡུལ་དང་ཡོངས་སུ་འགལ་ཟླ་ཆགས་ཡོད་པར་བརྗོད་འདུག
གཞན་ཡང་། ཤི་ཙང་ཕེན་ནོ་རཱ་མ་ཞེས་པ་ནི་བོད་ཀྱི་སྐོར་གློག་བརྙན་ཙམ་ཞིག་མིན་པར། དེ་ནི་རྒྱ་གཞུང་གིས་བོད་མི་རྣམས་སྔར་ལས་ལྷག་པར་མནར་གཅོད་གཏོང་བ་དང་བོད་ཀྱི་ལོ་རྒྱུས་རྩ་མེད་བཟོ་ཆེད། གཏམ་རྒྱུད་མཚོན་ཆ་ལྟར་བེད་སྤྱོད་བྱེད་པའི་འགྲེམས་སྟོན་ཞིག་ཆགས་ཡོད་པར་བརྗོད་འདུག་ལ། རྒྱ་ནག་གི་དྲིལ་བསྒྲགས་ལ་སྟེགས་བུའམ། གོ་སྐབས་བསྐྲུན་པ་བརྒྱུད། གློག་བརྙན་དུས་སྟོན་གྱིས་བོད་ནང་རྒྱ་གཞུང་གིས་ད་ལྟ་སྤེལ་བཞིན་པའི་རིག་གཞུང་རྩ་མེད་གཏོང་བའི་བྱ་ངན་ལ་རྒྱབ་སྐྱོར་སོགས་བྱེད་ཀྱི་ཡོད་པའི་སྐོར་བརྗོད་དེ། ཤི་ཙང་ཕེན་ནོ་རཱ་མ་ཞེས་པའི་ལས་རིམ་དང་གློག་བརྙན་འགྲེམས་སྟོན་རྣམས་འཕྲལ་དུ་ཕྱིར་འཐེན་བྱེད་དགོས་པ་དང་། བོད་ཅེས་གླེང་སྐབས། ནོར་འཁྲུལ་ཅན་གྱི་དྲིལ་བསྒྲགས་ཀྱི་ཐ་སྙད་ཤི་ཙང་ཞེས་པ་དེ་རྩ་བ་ནས་བེད་སྤྱོད་མི་བྱེད་རྒྱུའི་ཁས་ལེན་གྱི་ཡོངས་གྲགས་གསལ་བསྒྲགས་ཤིག་སྤེལ་དགོས་ཞེས་བརྗོད་འདུག།།
གསར་འགོད་པ། བློ་བཟང་རྒྱ་མཚོ།