ཚོང་པ་བསྟན་འཛིན་ཆོས་འཕེལ་རྒྱ་ནག་གཞུང་གིས་འཇུ་བཟུང་།
བོད་ཀྱི་བྱང་ཕྱོགས་སུ་གནས་པ་ཁམས་ནག་ཆུ་ཁུལ། ནག་ཆུ་རྫོང་། ཤག་རོང་སྟར་ཆེན་ཡུལ་ཚོ། སྲ་ཁུ་གྲོང་ནས་ཡིན་པའི་ཚོང་པ་བསྟན་འཛིན་ཆོས་འཕེལ་ཉེ་ཆར་རྒྱ་གཞུང་གིས་འཇུ་བཟུང་བྱས་པའི་གནས་ཚུལ་ཐོན་ཡོད་འདུག
ཟླ་འདིའི་ཚེས་༧ ཉིན་འབྲེལ་ཡོད་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ༢༠༡༨ ལོའི་ཕྱི་ཟླ་༣ པའི་ཟླ་མཇུག་ཏུ་བསྟན་འཛིན་ཆོས་འཕེལ་རྒྱ་ནག་ནས་ལྷ་སར་ལོག་པའི་ལམ་བར་དུ་གོང་དཀར་གནམ་ཐང་ནས་གློ་བུར་དུ་འཇུ་བཟུང་བྱས་ནས་ཅ་དངོས་སྔོག་བཤེར་བྱས་སྐབས་ཆབ་སྲིད་དང་འབྲེལ་བའི་རྩོམ་ཡིག་འགའ་ཞིག་དང་། སྡོད་ཁྱིམ་དུ་སྔོག་བཤེར་སྐབས༧་གོང་ས་མཆོག་གི་སྐུ་པར་བཅས་ཐོན་པའི་གནས་ཚུལ་ཙམ་ལས་ཞིབ་ཕྲའི་ཁ་གསལ་ཤེས་རྟོགས་ཐུབ་ཀྱི་མེད་པ་དང་། ད་ལྟའི་ཆར་ས་གནས་གང་ཞིག་ཏུ་གནས་སྟངས་ཅི་འདྲའི་འོག་ཡོད་མེད་སོགས་གང་ཡང་ཤེས་ཐབས་མེད་འདུག སྤྱིར་བོད་ས་ཡོངས་དང་ལྷག་པར་རྒྱ་གཞུང་གིས་བསྙད་པའི་བོད་རང་སྐྱོང་ལྗོངས་ཞེས་པའི་ས་ཁུལ་དུ་དེང་གི་ཆར་ཧ་ཅང་གི་གདུག་རྩུབ་དང་དམ་དྲག་འོག་མང་ཚོགས་ཚོའི་འགྲོ་འདུག་ལ་གཟབ་ནན་བྱ་དགོས་པས་དོན་དངོས་སུ་ད་ལྟའི་ཆར་རང་དབང་ཡོངས་སུ་བྲལ་བའི་ས་ཁུལ་ཞིག་ཏུ་ཆགས་ཡོད་འདུག
གནས་ཚུལ་འགྲེལ་བརྗོད་པས་བརྗོད་དོན། དེ་འདྲའི་གནས་སྟངས་འོག་བོད་མི་རིགས་ལ་ཞབས་འདེགས་ཞུ་མཁན་དང་མི་རིགས་ལ་བརྩེ་སེམས་ཡོད་པ་དེ་དག་རྒྱུན་དུ་རྒྱ་གཞུང་གི་འགྲོ་འདུག་ལ་སྟངས་འཛིན་བྱ་བཞིན་ཡོད་པ་དང་། བསྟན་འཛིན་ཆོས་འཕེལ་ནི་རྒྱུན་དུ་རང་རིགས་ལ་ཞེན་པ་དཀར་ཞིང་ཁོར་ཡུག་སྲུང་སྐྱོབ་དང་བོད་མི་སྐྱོ་བོ་ལ་རོགས་སྐྱོར་དང་ལོ་རྒྱུས་དང་རིག་གནས་ཆེད་དུ་ཞལ་འདེབས་འབུལ་བ་དང་། བོད་མི་ནང་ཁུལ་ལ་མཐུན་སྒྲིལ་སོགས་ཀྱི་ཆེད་དུ་ལྷག་བསམ་གྱི་ལས་ཀ་མང་པོ་བྱེད་མྱོང་བ་དང་། ལྷག་པར་དུ་ལོ་ཤས་སྔོན་ནས་བྱི་ནགས་འཁོར་གསུམ་རྒྱུད་ཀྱི་གཏེར་ཆུ་དང་གཏེར་ཁ་སོགས་ལ་སྲུང་སྐྱོབ་ཆེད་དུ་རྫོང་དང་། ལྗོངས་རིམ་པ་རྒྱུད་ནས་གནས་རི་དང་། གནས་ས་མང་པོ་ཞིག་དངོས་མིན་རིག་གནས་ཤུལ་བཞག་ཁོངས་སུ་ཡིག་ཆ་བཞག་པ་དང་ལོ་རྒྱུས་ཀྱི་རྡོ་རིང་སློང་བ་སོགས་ལའང་དཔལ་འབྱོར་གྱི་འགྲོ་སོང་མང་པོ་གཏོང་མྱོང་ཡོད་འདུག ཁོང་ད་ལྟའི་ཆར་བཙོན་ཁང་གང་ཞིག་ཡོད་མེད་ཤེས་རྟོགས་ཐུབ་ཀྱི་མེད་པས་འབྲེལ་ཡོད་ཚོས་ཁོང་གི་བདེ་འཇགས་ལ་སེམས་ཁྲལ་ཆེན་པོ་བྱེད་བཞིན་ཡོད་འདུག རྒྱ་གཞུང་གི་འཛིན་བཟུང་བྱས་པའི་བོད་མི་རྣམས་གནས་ཚུལ་ཐག་གཅོད་མ་བྱུང་གོང་མནར་གཅོད་འོག་མི་ལོ་དུ་མར་བཀག་ཉར་བྱ་བཞིན་ཡོད་པ་དང་། དཔེར་ན་དེ་སྔོན་ཤག་རོང་པོ་དགོན་གྱི་གྲྭ་ངག་དབང་རྒྱལ་མཚན་རྒྱ་གཞུང་གི་གསང་སྟབས་ཀྱི་འཛིན་བཟུང་བྱས་ནས་ལོ་ཤས་སོང་ཡོད་ཀྱང་མནར་གཅོད་ཀྱི་བཀག་ཉར་འོག་གྲྭ་བཞིའི་བཙོན་ཁང་དུ་ལོ་བཞི་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་འདུག བསྟན་འཛིན་ཆོས་འཕེལ་ཡང་གནས་ཚུལ་དེ་འདྲའི་འོག་རྒྱུན་རིང་སྡུག་པོ་གཏོང་གི་ཡོད་པར་འབྲེལ་ཡོད་ཚོས་སེམས་ཁྲལ་བྱེད་ཀྱི་ཡོད་འདུག
ཁོང་ད་ལྟའི་ཆར་ལོ་ན་བཞི་བཅུའི་ནང་དུ་ཡོད་པ་དང་། གཏན་སྡོད་ནག་ཆུ་གྲོང་ཁྱེར་དུ་བྱེད་བཞིན་ཡོད་འདུག །
གསར་འགོད་པ་ཆོས་ཉིད་འོད་ཟེར།