ཚོང་ལས་ཁང་ཞིག་གིས་ལས་བྱེད་༣༤ ཡི་ལས་ཚབ་ལ་མི་གཟུགས་འཕྲུལ་ཆས་བསྐོ་གཞག་བྱ་རྒྱུ།

ཉི་ཧོང་གི་མི་ཚེའི་ཉེན་སྲུང་མ་འཇོག་ཚོང་ལས་ཁང་ཧྥུ་ཀོ་ཀུ་ཞེས་པ་ཞིག་གིས། ལས་བྱེད་༣༤ ལས་གནས་ནས་དབྱུང་ནས་དེ་དག་ཚབ་ཏུ་བཅོས་མའི་རིག་པ་ཡོད་མཁན་གྱི་མི་གཟུགས་འཕྲུལ་ཆས་བསྐོ་གཞག་བྱ་རྒྱུ་ཡིན་འདུག

_93279769_aiདེ་ཡང་ཟླ་འདིའི་ཚེས་༥ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་སྦི་སྦི་སི་ཐོག་ཏུ་གནས་ཚུལ་བཀོད་གསལ། ཟླ་འདིའི་ཟླ་མཇུག་ཏུ་ཉི་ཧོང་གི་མི་ཚེའི་ཉེན་སྲུང་མ་འཇོག་ཚོང་ལས་ཁང་ཧྥུ་ཀོ་ཀུ་ཡིས། ལས་བྱེད་༣༤ ཡི་ཚབ་ལ་བཅོས་མའི་རིག་པ་ཡོད་པའི་མི་གཟུགས་འཕྲུལ་ཆས་བེད་སྤྱད་རྒྱུ་ཡིན་པ་དང་། དེ་དག་གིས་ཉེན་སྲུང་མ་འཇོག་གི་ཚོགས་མིའི་སྨན་བཅོས་ཀྱི་ཡིག་ཆ་དང་། གཤག་བཅོས་དང་སྨན་ཁང་ལ་བསྡད་པའི་དུས་ཡུན་སོགས་ཀྱི་ཐོ་གྲངས་བསྡུ་རུབ་དང་དཔྱད་ཞིབ་སོག་བྱས་ཏེ། ཚོགས་མི་ཚོར་ཉེན་སྲུང་གི་ཐོབ་དངུལ་རྩིས་རྒྱག་ཐུབ་ཀྱི་ཡོད་འདུག

ལོ་མང་པོའི་རིང་ཚན་རིག་པ་དང་ཚན་རིག་དང་འབྲེལ་བའི་སྒྲུང་དེབ་དང་གློག་བརྙན་མང་པོས། མི་གཟུགས་འཕྲུལ་ཆས་ཀྱིས་མིའི་ལས་ཀ་བྱེད་ཐུབ་པ་གྱུར་ནས་མི་རྣམས་ལས་ཀ་མེད་པ་ཆགས་པའི་སྔོན་དཔགས་བྱས་ཡོད་པ་དང་། ཉི་ཧོང་གི་ཚོང་ལས་ཁང་དེས་སྔོན་དཔགས་དེ་དངོས་སུ་ལས་བསྟར་བྱ་རྒྱུ་ཡིན་འདུག ཚོང་ལས་ཁང་དེས་བཅོས་མའི་རིག་པ་ཡོད་མཁན་གྱི་མི་གཟུགས་འཕྲུལ་ཆས་དེ་དག་བེད་སྤྱད་ན། ལོ་རེར་ལས་བྱེད་ཀྱི་གླ་ཆ་ཨ་སྒོར་ས་ཡ་༡.༢ གསོག་འཇོག་བྱེད་ཐུབ་ཀྱི་ཡོད་སྐོར་བརྗོད་འདུག དེ་བཞིན་ཉི་ཧོང་གི་ཉེན་སྲུང་མ་འཇོག་གི་ཚོང་ལས་ཁང་གསུམ་གྱིས་མི་གཟུགས་འཕྲུལ་ཆས་དེའི་རིགས་བེད་སྤྱོད་བྱེད་འཆར་ཡོད་འདུག

ལོ་སྔོན་མར་འཛམ་གླིང་དཔལ་འབྱོར་ལྷན་ཚོགས་ཀྱིས་བཏོན་པའི་སྙན་ཐོ་ཞིག་ནང་། མི་གཟུགས་འཕྲུལ་ཆས་དང་བཅོས་མའི་རིག་པ་འཕེལ་རྒྱས་འགྲོ་བཞིན་པས་འབྱུང་འགྱུར་ལོ་ལྔའི་ནང་། ཡར་ཐོན་གྱི་རྒྱལ་ཁབ་༡༥ ཡི་ནང་མིའི་ལས་ཀ་ས་ཡ་༥.༡ མེད་པ་ཆགས་རྒྱུ་ཡིན་པའི་སྔོན་དཔགས་བྱས་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།