ཛ་དྲག་གི་གནས་སྟངས་འོག་ཡོད་པའི་རྒྱལ་ཁབ་ལྔ་ལས་གང་རུང་ནས་དམག་ཆེན་གསུམ་པ་འགོ་འཛུགས་སྲིད།

དབུས་ཤར་ཁུལ་དང་། ཨུ་རུ་སུ་དང་ཡུག་རེན་བར་དམག་འཁྲུག་འགྲོ་བཞིན་པ་མ་ཟད། འཛམ་གླིང་གི་ས་ཁུལ་གཞན་དུ་ཡང་དམག་འཁྲུག་ལང་ཉེན་ཡོད་པ་དང་བསྟུན། གསར་འགྱུར་བརྒྱུད་ལམ་ཁག་ཏུ་འཛམ་གླིང་དམག་ཆེན་གསུམ་པ་ལང་སྲིད་པ་དང་། འགའ་རེས་དམག་ཆེན་གསུམ་པ་འགོ་བཙུགས་ཟིན་པའི་གནས་ཚུལ་འགོད་མཁན་ཡང་བྱུང་ཡོད་པས། གལ་སྲིད་དམག་ཆེན་གསུམ་པ་དངོས་སུ་འགོ་བཙུགས་ན། ད་ལྟ་དམག་འཁྲུག་གི་ནང་དུ་ལྷུང་ཡོད་པའི་ཡུག་རེན་དང་དབུས་ཤར་ཡུལ་གྲུ་ཁག གཞན་ཡང་དམག་འཁྲུག་ལང་ཉེན་ཡོད་པའི་ཐའེ་ཝན་སོགས། གནས་སྟངས་ཛ་དྲག་གི་ནང་ལྷུང་བཞིན་པའི་རྒྱལ་ཁབ་ལྔ་ནས་གང་རུང་གཅིག་ནས་འགོ་འཛུགས་སྲིད་པ་རེད་འདུག

པར། india.com

ཟླ་འདིའི་ཚེས་༥ ཉིན་(india.com) ཞེས་པའི་གསར་ཁང་གིས་ཕྱི་ལོ་༢༠༢༢ ལོར་ཨུ་རུ་སུས་ཡུག་རེན་ལ་བཙན་འཛུལ་བྱས་པ་ནས་ཉེ་བའི་ཨི་སི་རེལ་དང་ཨི་རན་བར་གྱི་དམག་འཁྲུག་དང་འབྲེལ། གསར་འགྱུར་བརྒྱུད་ལམ་ཁག་ཏུ་འཛམ་གླིང་དམག་ཆེན་གསུམ་པ་ལང་སྲིད་པའི་གནས་ཚུལ་མང་པོ་ཐོན་ཡོད་པ་མ་ཟད། གསར་འགྱུར་བརྒྱུད་ལམ་ཁག་ཅིག་གིས་འཛམ་གླིང་དམག་ཆེན་གསུམ་པ་འགོ་བཙུགས་ཟིན་པའི་གནས་ཚུལ་ཡང་བཀོད་ཡོད་པས། གལ་སྲིད་དམག་ཆེན་གསུམ་པ་ལང་རྒྱུ་ཡིན་པའི་དབང་དུ་བཏང་ན། མ་འོངས་པར་ཡུག་རེན་དང་ཐའེ་ཝན་གཙོས་པའི་རྒྱལ་ཁབ་ལྔ་ནས་གང་རུང་གཅིག་ནས་འགོ་འཛུགས་སྲིད་པར་བརྗོད་འདུག
ཡུག་རེན། ལོ་རྗེས་མའི་ཕྱི་ཟླ་༢ པར་ཨུ་རུ་སུས་ཡུག་རེན་ནང་བཙན་འཛུལ་བྱས་ནས་ལོ་ངོ་གསུམ་ཧྲིལ་པོ་འཁོར་གྱི་ཡོད་ན་ཡང་། ཕྱོགས་གཉིས་ཀྱི་བར་དམག་འཁྲུག་མཚམས་འཇོག་རྒྱུའི་རྟགས་མཚན་གང་ཡང་མེད་པ་དང་། ལྷག་པར་དུ་ནེ་ཊོ་ཁྱབ་ཁོངས་ཀྱི་རྒྱལ་ཁབ་ཚོས་ཨ་རིའི་འདེམས་ཐོན་སྲིད་འཛིན་ཊོམ་སྲིད་སྟེགས་ཐོག་མ་བསླེབས་གོང་། མཉམ་རུབ་ཀྱིས་ཨུ་རུ་སུ་ལ་ཕར་རྒོལ་བྱེད་སྲིད་པའི་གནས་ཚུལ་ཐོན་ཡོད་པས། ཡུག་རེན་ནང་དམག་འཁྲུག་གི་གཞི་ཁྱོན་ཆེ་རུ་འགྲོ་བཞིན་པ་དང་། ཡུག་རེན་གྱི་དམག་འཁྲུག་ནས་འཛམ་གླིང་དམག་ཆེན་གསུམ་པ་འགོ་འཛུགས་སྲིད་པ་དང་གཅིག
ལེ་བྷེ་ནོན། ན་ནིང་ཕྱི་ཟླ་༡༠ ཚེས་༧ ཉིན་ཧ་མ་སི་དྲག་དཔུང་གིས་ཨི་སི་རེལ་ལ་བློ་བུར་དུ་གཏོར་རྒོལ་བྱས་པ་ནས་བཟུང་དབུས་ཤར་ཡུལ་གྲུ་ཁག་ཏུ་རྩོད་རྙོག་ཇེ་ཆེ་རུ་ཕྱིན་ཡོད་པ་དང་། ལྷག་པར་དུ་ད་ལོ་ཨི་རན་དང་ཨི་སི་རེལ་བར་མེ་ཤུགས་འཕུར་མདའ་འཕེན་རེས་ཀྱིས་ཕན་ཚུན་གཏོར་རྒོལ་ཐེངས་ཁ་ཤས་བྱས། ཟླ་འདིའི་ཚེས་༣ ཉིན་ཨི་སི་རེལ་གྱི་སྲིད་བློན་གྱིས་ཧེ་ཛི་བྷོ་ལ་དྲག་དཔུང་དང་མེ་མདའ་འཕེན་མཚམས་བཞག་ཡོད་ཀྱང་། དམག་མཚམས་བཞག་མེད་པའི་ཉེན་བརྡ་བཏང་ཡོད་འདུག་པས། གལ་སྲིད་དམག་ཆེན་གསུམ་པ་འགོ་བཙུགས་ན། དམག་འཁྲུག་དེ་ལེ་བྷེ་ནོན་ནས་འགོ་འཛུགས་སྲིད་པར་བརྗོད།
ཐའེ་ཝན། ཉེ་བའི་ལོ་ཁ་ཤས་ནང་རྒྱ་ནག་གིས་མ་འོངས་ལོ་ལྔའི་ནང་ཐའེ་ཝན་ལ་བཙན་འཛུལ་བྱེད་སྲིད་པའི་གནས་ཚུལ་མང་པོ་ཐོན་ཡོད་པ་དང་། ཐའེ་ཝན་ནི་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་གལ་ཆེན་ཞིག་ཆགས་ཡོད་པས། ཨ་རིས་ཐའེ་ཝན་ལ་སྲུང་སྐྱོབ་བྱས་ནས་གྲུབ་འབྲས་སུ་འཛམ་གླིང་དམག་ཆེན་གསུམ་པ་འགོ་འཛུགས་སྲིད་པ།
ཀོ་རི་ཡ། ལྷོ་བྱང་ཀོ་རི་ཡ་གཉིས་ཀྱི་དགྲ་ཟླའི་རང་བཞིན་གྱི་གནས་སྟངས་མུ་མཐུད་གནས་བཞིན་པ་མ་ཟད། བྱང་ཀོ་རི་ཡས་ཨུ་རུ་སུ་ལ་རྒྱབ་སྐྱོར་དང་ལྷོ་ཀོ་རི་ཡས་ཡུག་རེན་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་པས། ལྷོ་བྱང་གཉིས་ཀྱི་འགལ་ཟླ་ལས་འཛམ་གླིང་དམག་ཆེན་གསུམ་བྱུང་ཉེན་ཡོད་པར་བརྗོད་འདུག
སི་རི་ཡ། ཧ་མ་སི་དང་ཨི་སི་རེལ་བར་དམག་འཁྲུག་ལངས་པའི་སྐབས་སུ། སི་རི་ཡས་ཕྱོགས་གཉིས་ཀ་ལ་རྒྱབ་སྐྱོར་མ་བྱས་པ་ལོགས་སུ་བསྡད་ཡོད་ཀྱང་། ཉེ་ཆར་སི་རི་ཡའི་ནང་དུ་གཏོར་རྒོལ་བྱས་ཡོད་པར་བརྟེན། སི་རི་ཡ་དམག་འཁྲུག་གི་ཁྲོད་ནས་ཕྱོགས་གཅིག་འདེམས་དགོས་པའི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་ལས་དམག་ཆེན་གསུམ་པ་འབྱུང་སྲིད་པར་བཀོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།