ཛ་དྲག་ཆེ་བའི་འཛམ་གླིང་གི་འགྱུར་ལྡོག

(བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་༡༠༢༩ ཡི་ཆེད་བརྗོད།)

དུས་རབས་ཉེར་གཅིག་པ་ནི་ཞི་བདེ་དང་འཆམ་མཐུན་གྱི་དུས་རབས་ཤིག་ཏུ་རེ་བ་བརྒྱབ་ཡོད་པ་དང། དེའི་ཆེད་དུ་འབད་བརྩོན་བྱེད་མཁན་ཡང་གང་མང་ཞིག་བྱུང་ཡོད། དོན་དངོས་སུ་དུས་རབས་ཉེར་གཅིག་པའི་བཞི་ཆ་གཅིག་ཙམ་རྫོགས་པའི་སྐབས་འདིར་རེ་བ་དེའི་ལྡོག་ཕྱོགས་སུ་འགྲོ་བཞིན་ཡོད། དུས་རབས་ཉི་ཤུ་པའི་དཀྱིལ་ཙམ་ནས་འགྲོ་བ་མིའི་ཐོབ་ཐང་དང། འཛམ་གླིང་ཡོངས་ཁྱབ་ཀྱི་བསམ་བློ་གཏོང་མཁན་གང་མང་ཞིག་བྱུང་ཡོད་པ་མ་ཟད། རྒྱལ་ཞེན་རིང་ལུགས་དང་མི་རིགས་རིང་ལུགས་ལ་མཐའ་གཅིག་ཏུ་དགག་བྱ་བྱེད་མཁན་གྱི་བསམ་ཚུལ་དེ་ཡང་ཡོངས་ཁྱབ་ལྟ་བུ་སླེབས་ཡོད། སྐབས་དེར་མང་གཙོའི་རིང་ལུགས་ལ་ཤུགས་རྒྱག་མཁན་མང་པོ་བྱུང་བ་དང། འཛམ་གླིང་གི་རྒྱལ་ཁབ་མང་པོ་ཞིག་ཀྱང་ཤུགས་མ་ཐུབ་ཀྱིས་མང་གཙོའི་ལམ་ལུགས་སུ་གོམ་སྟབས་ཆེ་ཆུང་སྣ་ཚོགས་ཀྱི་ཐོག་ནས་བསྐྱོད་འགོ་ཚུགས། མཉམ་འབྲེལ་རྒྱལ་ཚོགས་གསར་འཛུགས་བྱས་ནས་དུས་ཡུན་གང་འཚམ་རིང་ཤུགས་རྐྱེན་དང་ཆེ་མཐོང་ཡང་ཆེན་པོ་ཡོད་པ་ཞིག་ཏུ་གྱུར་ཡོད། 

ད་ལྟའི་དུས་འདིར་འཛམ་གླིང་ཁྱོན་ཡོངས་སུ་འགྲོ་བ་མིའི་ཐོབ་ཐང་གི་སྐོར་ལ་ཁ་ཙམ་ལས་དོན་གྱིས་རྒྱབ་སྐྱོར་བྱེད་མཁན་ཉུང་དུ་འགྲོ་བཞིན་ཡོད་ལ། མང་གཙོའི་ལམ་ལུགས་ཐོག་ནས་ཀྱང་ཡོངས་སུ་རྒྱབ་བཤིག་རྒྱག་བཞིན་པའི་དུས་ཚོད་ཅིག་ཏུ་གྱུར་ཡོད། མང་གཙོའི་ལམ་ལུགས་སུ་བསྐྱོད་བཞིན་པའི་རྒྱལ་ཁབ་མང་པོ་ཞིག་ཀྱང་ཕྱིའི་རྣམ་པ་ཙམ་ལས། དོན་དུ་མང་གཙོའི་ལམ་ལུགས་ཀྱི་རིན་ཐང་ལྟ་བ་ལ་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད། ད་དུང་མང་གཙོ་ཡར་རྒྱས་གཏོང་མཁན་གྱི་མིང་ཐོག་ནས་བཙུགས་པ་འཛམ་གླིང་ཤར་ནུབ་ཀུན་ཏུ་ཚོགས་པ་ཧ་ཅང་མང་པོ་ཞིག་ཡོད་པ་དག་ཀྱང། ཚོགས་པ་དང་མི་སྒེར་གྱི་ཁེ་ཕན་ཡར་རྒྱས་གཏོང་ཐབས་སུ་བེད་སྤྱོད་གཏོང་བཞིན་པ་ཙམ་ལས་མང་གཙོ་ཡར་རྒྱས་ཆེད་ཁ་ཡོད་ལག་ཡོད་ཀྱི་ལས་དོན་སྒྲུབ་མཁན་ཉུང་ངུ་ལས་མེད་པ་ནི་དོན་དངོས་ཡིན། དེ་བཞིན་འཛམ་གླིང་ཤར་ནུབ་ཀུན་ཏུ་ཞི་བདེ་དང་འཆམ་མཐུན་ཤོད་མཁན་མང་པོ་ཡོད་ནའང་དོན་དུ་དམག་འཁྲུག་དང་གོ་མཚོན་འགྲན་སྡུར་ཁོ་ན་ལ་དང་འདོད་དང་དར་སྲོལ་ཆགས་ཡོད།

འགྲོ་བ་མིའི་ཐོབ་ཐང་ཧ་ཅང་གལ་ཆེན་པོ་ཡིན་པ་བཞིན། བོད་དོན་འཐབ་རྩོད་ཀྱི་ངོས་ནས་ཀྱང་གནད་དོན་ཆེན་པོ་ཞིག་ཏུ་བརྩི་དགོས་ཀྱང། འཛམ་གླིང་སྤྱིའི་འགྱུར་ལྡོག་དང་བསྟུན་ནས་གྲ་སྒྲིག་དང་འཆར་གཞི་འཐེན་མ་ཐུབ་ན་འགྲོ་བ་མིའི་ཐོབ་ཐང་ནི་འབོད་ཚིག་ཙམ་ལས། ཁ་ཡོད་ལག་ཡོད་ཀྱི་རྒྱབ་སྐྱོར་བྱེད་མཁན་ཧ་ཅང་དཀོན་པས། མ་འོངས་པར་འཐབ་རྩོད་ཀྱི་ཁ་ཕྱོགས་ལ་བསྐྱར་ཞིབ་ཅིག་ངེས་པར་དུ་བྱེད་མ་ཐུབ་པར། དུས་རབས་ཉི་ཤུ་པའི་ནང་འཛམ་གླིང་ཁྱོན་ཡོངས་ནས་གལ་ཆེན་པོར་བརྩི་བཞིན་པའི་གནད་དོན་དེ་དག་ད་ལྟའི་ཆར་ཡང་ཞུ་གཏུག་དང་ལས་འགུལ་གྱི་གཞི་རྩར་བཟུང་ན་དོ་སྣང་བྱེད་མཁན་ག་ཚོད་ཙམ་ཡོད་མེད་དེ་ཐེ་ཚོམ་དུ་གྱུར་ཡོད། འཛམ་གླིང་གི་ཁྱོན་ཡོངས་སུ་ཞི་བདེ་དང་འཆམ་མཐུན་བྱེད་མཁན་ལ་རྒྱབ་སྐྱོར་གང་ཡང་མེད་པར། གོ་མཚོན་ཐོགས་ནས་འཐབ་རྩོད་བྱེད་མཁན་ལ་མི་རྒྱུ་གཉིས་ཐོག་ནས་རྒྱབ་སྐྱོར་བྱེད་མཁན་མང་པོ་ཡོད་པ་ནི། ད་ལྟ་འཛམ་གླིང་གི་མིག་མདུན་དུ་གསལ་པོ་ཡིན་པས་ཞིབ་ཕྲ་བཤད་མི་དགོས་པར་ཚང་མས་མཁྱེན་གསལ་དུ་གྱུར་ཡོད།

ར་ཤི་ཡས་ཧམ་ཤེད་ལ་བརྟེན་ནས། དུས་རྒྱུན་ཞི་བདེ་དང་སོ་ནམ་འདེབས་ལས་ལ་བརྟེན་ནས་འཚོལ་བ་སྐྱེལ་མཁན་གྱི་ཡུག་རེན་རྒྱལ་ཁབ་ལ་བཙན་འཛུལ་དང་དྲག་གནོན་བྱས་པ་ཞིག་ཡིན་ཞིང། ཨ་རི་དང་ར་ཤི་ཡ་གཉིས་ཀྱིས་ཡུག་རེན་སྲུང་སྐྱོབ་བྱེད་པའི་ཆིངས་ཡིག་བཞག་ཡོད་ཀྱང་ར་ཤི་ཡ་ཁ་ཆད་ལས་བརྒལ་ནས་བཙན་འཛུལ་བྱས་པ་དང། ཨ་རིས་ཀྱང་དགོས་ངེས་དང་གལ་ཆེ་བའི་སྐབས་སུ་ཡུག་རེན་ལ་གོ་མཚོན་གྱི་རོགས་སྐྱོར་ཚད་ལྡན་ཞིག་མ་བྱས་པ་དང། གོ་མཚོན་གྱིས་རོགས་སྐྱོར་བྱས་པ་དེ་དག་ཀྱང་བེད་སྤྱོད་བྱེད་སྟངས་ལ་ཚད་བཀག་བཟོས་ནས་ད་ལྟའི་གནས་སྟངས་འདིར་སླེབས་པ་རེད། ཡུག་རེན་གྱི་ས་ཁྱོན་རྒྱ་ཆེན་པོ་ཞིག་ར་ཤི་ཡས་བཙན་འཕྲོག་བྱས་ཟིན་རྗེས་གོ་མཚོན་བེད་སྤྱོད་བྱེད་ཕྱོགས་ལ་ཚད་བཀག་མེད་ཙམ་བཟོས་པ་དེ་ནི་ཧ་ཅང་འཕྱིས་ཟིན་པའི་ཐག་གཅོད་ཅིག་རེད། གང་ལྟར་དམག་འཁྲུག་དེའི་རྒྱབ་ཏུ་ལང་མཁན་གང་ཐད་ནས་ཆེ་རུ་གཏོང་ཐབས་ལས་ཞི་བདེ་དང་འཆམ་མཐུན་གྱི་ཁོར་ཡུག་སྐྲུན་མཁན་ཞིག་མཐོང་ཡུལ་དུ་མེད།

མདོར་ན་ད་ལྟའི་ཆར་ར་ཡུག་གི་དམག་འཁྲུག་དང། ཨི་ཟི་རལ། པ་ལི་སི་ཐན་གྱི་དོན་རྐྱེན། སུ་རི་ཡའི་ནང་གི་གནད་དོན་སོགས་ཕྱོགས་གང་ཐད་ནས་དམག་འཁྲུག་དང་ཛ་དྲག་གི་གནས་སྟངས་ནི་འབར་བཞིན་པའི་མེ་ལྕེ་ལྟར་མཆེད་བཞིན་ཡོད་ལ། དམག་འཁྲུག་དེ་དག་གི་གནས་སྟངས་ལ་བརྟེན་ནས་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་མང་པོ་ཞིག་གིས་གོ་མཚོན་མཁོ་སྒྲུབ་དང་གསར་བཟོ་བྱེད་སྟངས་ལ་དོ་སྣང་བྱེད་བཞིན་ཡོད་པ་དང། ད་ལྟའི་དམག་འཁྲུག་དེ་ནི་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཁག་གི་གོ་མཚོན་གསར་པ་རྣམས་དངོས་སུ་གཡུལ་སར་ཚོད་ལྟ་བྱེད་པ་ལྟ་བུར་གྱུར་ཡོད། གོ་མཚོན་སྐད་གྲགས་ཅན་སུས་བཟོ་ཐུབ་ཀྱང་ཚོང་ལས་ཀྱི་ཐོག་ནས་ཁེ་ཕན་ཆེན་པོ་ཡོད་པས། མ་འོངས་པར་སྟོབས་ཆེན་རྒྱལ་ཁབ་ཁག་གིས་རང་ཉིད་ཀྱི་དཔལ་འབྱོར་གྱི་ཁེ་ཕན་ཆེད་རྒྱལ་ཁབ་གཞན་དང་གཞན་གྱི་དབར་དམག་འཁྲུག་སློང་སྲིད་པ་ཞིག་རེད། ད་ལྟ་མང་གཙོ་དང་འདྲ་མཉམ། འགྲོ་བ་མིའི་ཐོབ་ཐང་དང་ཞི་བདེ་འཆམ་མཐུན་ཞེས་པ་དེ་དག་ནི་ཚིག་སྐམ་པོ་ཙམ་དུ་འགྱུར་བཞིན་འདུག།