ཝ་ཤིན་ཊོན་དུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལ་ངོ་རྒོལ།
ཕྱི་ཟླ་༣ ཚེས་༣༡ ཉིན་འཛམ་གླིང་རྒྱལ་ཁབ་༥༠ ཡི་འགོ་ཁྲིད། ཨ་རིའི་ཝ་ཤིན་ཊོན་དུ་འཛམ་གླིང་རྡུལ་ཕྲན་བདེ་འཇགས་ལྷན་ཚོགས་ལ་སླེབས་ཡོད་ཁར། ལྷན་ཚོགས་ཡུལ་གྱི་འཚོགས་ཁང་མདུན་དུ་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང། རྒྱ་རིགས་མང་གཙོ་དོན་གཉེར་བ་བཅས་ཀྱིས་སྲིད་འཛིན་ཞི་ཅིན་ཕིང་ལ་ངོ་རྒོལ་ཁྲོམ་སྐོར་བྱས་ཡོད་པ་རེད།
ངོ་རྒོལ་དེའི་ནང་མཉམ་ཞུགས་བྱེད་མཁན་ཨ་རིའི་ནིའུ་ཡོག་སོགས་ས་གནས་གཞན་དུ་གནས་སྡོད་བྱེད་མཁན་བོད་མི་མང་པོ་ཝ་ཤིན་ཊོན་དུ་བསྐྱོད་ཡོད་པ་དང་། རྒྱ་ནག་གིས་བོད་ན་བཙན་འཛུལ་བྱས་པ་དང་། བོད་ལ་རང་དབང་རང་བཙན་དགོས་པའི་ལས་སྐད་འབོད་ཁྲོམ་སྐོར་བྱས་ཡོད་པ་རེད།
དེ་ཡང་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོག་ཀྱི་བསྒྲགས་གཏམ་ནང། ཨ་རིའི་སྲིད་འཛིན་ཨོ་བྷ་མས་རྒྱ་གཞུང་གིས་བོད་ནང་རྡུལ་ཕྲན་སྙིགས་རོ་གཡུགས་པ་དང། བོད་ནང་ཡུ་རེ་ནེཡམ་སྔོག་འདོན་བྱེད་ཀྱི་ཡོད་པའི་གནད་དོན་ཐད་གླེང་སློང་བྱེད་དགོས་པ་དང། སྲིད་འཛིན་ཞི་ཅིན་ཕིང་གིས་བོད་ནང་གི་ཁོར་ཡུག་གཏོར་སྐྱོན་ལ་རྒྱ་ནག་ལ་འགན་ཡོད་པ་ཁས་ལེན་དགོས་སྐོར་སྤེལ་འདུག
བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ནིའུ་ཡོག་ས་གནས་ཀྱི་ཚོགས་གཙོ་ཚེ་བསྟན་ལྷ་རྒྱལ་གྱིས། བོད་དང་རྒྱ་ནི་ལོ་རྒྱུས་ཀྱི་ཐོག་ཁ་ཁ་ཡིན་པ་ཤེས་དགོས་པ་དང་། འགྲོ་བ་མིའི་ཐོབ་ཐང་མེད་པའི་རྒྱ་ནག་ཏུ་རྡུལ་འཕྲན་མཆོན་ཆའི་བདེ་འཇགས་ཡོང་མི་སྲིད་བྱས་དང་། དེ་རིང་གི་ངོ་རྒོལ་འདིན་འཛམ་གླིང་གི་དཔོན་རིགས་ཚང་མས་རྒྱ་ནག་གི་འོག་ནས་བོད་ཀྱི་གནས་སྟངས་ཤེས་རྟོགས་ཡོང་ཆེད་དུ་ཡིན་སྐོར་སོགས་འགྲེལ་བརྗོད་བྱས་འདུག
རྒྱ་རིགས་ཧུའུ་ཅིན་ཐའོ་ལ་དགའ་བསུ་བྱེད་མཁན་ཞིག་གིས། གསར་འགོད་པའི་དྲི་བར་ལན་འདེབས་བྱེད་སྐབས། བོད་མི་བརྒྱ་ལྷག་གི་རང་ལུས་མེར་སྲེག་གིས་ལས་འགུལ་སྤེལ་བར་ཧང་སང་རྒྱུ་མེད། རྒྱ་ནག་ལ་མི་གྲངས་དུང་ཕྱུར་༡༣ ལྷག་ཡོད། བདེ་སྐྱིད་ཀྱི་ཚད་གཞི་མི་རེ་རེའི་མ་རེད། ལྷག་པར་དུ་ནུབ་ཕྱོགས་དང་བསྡུར་ཐབས་མེད་ཅེས་འགྲེལ་བརྗོད་བྱས་འདུག
ཉིན་དེར་ཞེ་ཅིན་ཕིང་ལ་རྒྱབ་སྐྱོར་བྱེད་མཁན་རྒྱ་རིགས་མང་པོས་རྒྱ་ནག་གི་རྒྱལ་དར་ཁྱེར་ནས་སླེབས་ཡོད་པ་དང། བོད་རིགས་ལས་འགུལ་བ་དང་རྒྱ་རིགས་མང་གཙོ་དོན་གཉེར་བ་ཚོས་ཀྱང་བོད་ཀྱི་རྒྱལ་དར་འཁྱེར་ནས་ངོ་རྒོལ་བྱེད་པར་སླེབས་ཡོད་པས། ཕྱོགས་གཉིས་ཀྱི་དབར་འཁྲུག་རྩོད་མ་ཤོར་ཆེད་ཨ་རིའི་གཞུང་གིས་ཉེན་རྟོག་པ་མང་པོ་བཀྲམ་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།