ཝི་ཏི་ནམ་གྱི་ཉ་པ་ཚོར་རྒྱ་ནག་གི་མི་༤༠ ཡིས་རྡུང་རྡེག་དྲག་པོ་བྱས་ནས་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་འདུག

ལྷོ་རྒྱ་ནག་རྒྱ་མཚོའི་ནང་ཝི་ཏི་ནམ་གྱི་ཉ་པ་ཚོར་རྒྱ་ནག་གི་མི་༤༠ ཡིས་རྡུང་རྡེག་ཚབས་ཆེན་པོ་བྱས་པ་མ་ཟད་འཕྲོག་བཅོམ་སོགས་བྱས་ཡོད་འདུག འཕྲོག་བཅོམ་དང་རྡུང་རྡེག་བྱེད་མཁན་ནི་རྒྱ་མི་ཡིན་པ་གྲུ་གཟིངས་ཐོག་བཙུགས་པའི་དར་ཆ་ནས་ཤེས་རྟོགས་བྱུང་ཡོད་པར་བརྗོད།
ཕྱི་ཚེས་༣ ཉིན་ཐའེ་པེ་དུས་བབ་ཀྱི་(Taipeitimes)གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཁ་སང་ཝི་ཏི་ནམ་གཞུང་འབྲེལ་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་ཡོད་པ་ཞིག་ལ། ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་ཝི་ཏི་ནམ་གྱི་ཉ་པ་བཅུ་ལ་རྒྱ་རིགས་མི་༤༠ ཡིས་དྲག་རྡུང་དང་འཕྲོག་བཅོམ་བྱས་ཡོད་འདུག་པ་དང་། དཔོན་རིགས་ཤིག་གིས་དེའི་སྐོར་བཤད་པ་ལྟར་ན་འཕྲོག་བཅོམ་བྱེད་མཁན་དེ་དག་ནི་རྒྱ་མི་ཡིན་ཞིང་། གྲུ་གཟིངས་ཐོག་རྒྱ་ནག་གི་དར་ཆ་བཏགས་པ་ནས་ཤེས་རྟོགས་བྱུང་ཡོད་པར་བརྗོད་འདུག གནས་ཚུལ་ལྟར་ན། གཟའ་ཉི་མའི་ཉིན། (the Paracel)པ་ར་སེལ་གླིང་ཕྲན་གྱི་ཉེ་འཁོར་དུ་ཁོང་ཚོར་ལྕགས་དབྱུག་གིས་བརྡུངས་ཤིང་། ཉ་དང་ཡོ་བྱད། དེ་བཞིན་སྒོར་མོ་སྟོང་ཕྲག་མང་པོ་འཕྲོག་བཅོམ་བྱས་ཡོད་འདུག གླིང་ཕྲན་འདི་ལ་ཐའེ་ཝན་དང་། ཝི་ཏི་ནམ། རྒྱ་ནག བྷུ་རུ་ནེ། མ་ལེ་ཤི་ཡ། ཧྥི་ལི་པིན་བཅས་ཀྱིས་བདག་དབང་ཡོད་ཚུལ་རྩོད་ཀྱི་ཡོད་འདུག
ཝི་ཏི་ནམ་གྱི་བརྒྱུད་ལམ་ཁག་གིས་འཕྲོག་བཅོམ་པ་དེ་དག་གི་རྒྱལ་ཁོངས་ངོས་འཛིན་བྱས་མེད་ཀྱང་། དབུས་(Quang Ngai)ཞིང་ཆེན་གྱི་དཔོན་རིགས་(Phung Ba Vuong)ཕུང་པ་ཝུང་གིས་གསར་འགོད་པར། ཁོང་ཚོ་རྒྱ་མི་རེད། གྲུ་གཟིངས་དེ་ཚོར་རྒྱ་ནག་གི་དར་ཆ་བཏགས་འདུག་ཅེས་བཤད་ཡོད་འདུག གཞུང་འབྲེལ་གསར་ཤོག་(Tien Phong)ཐིན་ཕོང་གི་གནས་ཚུལ་ནང་། ཝི་ཏི་ནམ་གྱི་གྲུ་པ་བཅུའི་ཁྲོད་ནས་མི་བཞི་གཟའ་ཟླ་བའི་ཉིན་(Quang Ngai)གྲོང་ཁྱེར་གྱི་གྲུ་ཁར་འབྱོར་རྗེས་སྨན་ཁང་དུ་འཕྲལ་མར་བསྐྱལ་ཡོད་འདུག
གསར་ཤོག་དེའི་གནས་ཚུལ་ལྟར་ན། གྲུ་པ་རྣམས་ལ་མི་བཞི་བཅུ་ཙམ་གྱིས་ཆུ་ཚོད་གསུམ་རིང་རྡུང་རྡེག་བཏང་ཡོད་འདུག་པ་དང་། གྲུ་དཔོན་(Nguyen Thanh Bien)ངུ་ཡེན་ཐན་བིན་གྱིས་བཤད་པ་ལྟར་ན། ཁོང་ཚོས་སྤྱིར་བཏང་མི་སེར་གྱི་གྱོན་པ་གྱོན་འདུག ང་ཚོར་ལྕགས་དབྱུག་གིས་སྙིང་རྗེ་མེད་པར་བརྡུངས་བྱུང་། རྡུང་རྡེག་གི་རྐྱེན་གྱིས་ཆུ་ཚོད་གཅིག་ཙམ་རིང་དྲན་པ་བརྒྱལ་སོང་ཞེས་བཤད་འདུག (Tien Phong)ཐིན་ཕོང་དྲ་ཚིགས་ཀྱི་ གནས་ཚུལ་ལྟར་ན། མི་གཅིག་གི་རྐང་པ་ཆག་པ་དང་གཉིས་ཀྱི་ལག་པ་ཆག་འདུག་ཅེས་བཤད་འདུག
(Nguyen Thanh Bien)ངུ་ཡེན་ཐན་བིན་གྱིས་དབང་འཛིན་པར་བཤད་པ་ལྟར་ན། འཕྲོག་བཅོམ་སྐབས་སུ་ཨ་སྒོར་ཁྲི་གཉིས་ཙམ་གྱི་རིན་ཐང་ཡོད་པའི་ཡོ་བྱད་དང་ཉ་རྣམས་བརྐུས་འདུག ཉ་པ་རྣམས་གནས་སྡོད་བྱེད་སའི་གྲོང་སྡེ་(Binh Chau)པིན་ཁའོ་ཡི་འགོ་ཁྲིད་(Phung Ba Vuong)ཕུང་པ་ཝུང་གིས་ངོ་དེབ་ཐོག་རྒྱ་ནག་གི་མི་སྤྱོད་ལས་འདས་པའི་བྱ་སྤྱོད་ལ་ངས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡོད་ཅེས་བྲིས་ཡོད་འདུག
ཝི་ཏི་ནམ་གྱི་ཕྱི་སྲིད་ལྷན་ཁང་དང་རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གཉིས་ཀས་དོན་རྐྱེན་འདིའི་ཐད་འཕྲལ་དུ་བསམ་ཚུལ་བསྡུ་ལེན་བྱས་པར་ལན་འདེབས་བྱས་མི་འདུག གནས་ཚུལ་གཞན་ཞིག་ལྟར་ན། གཟའ་ཉི་མའི་ཉིན་པ་ར་སེལ་གླིང་ཕྲན་དུ་ཝི་ཏི་ནམ་གྱི་ཉ་འཛིན་མཁན་གྲུ་གཟིངས་གཞན་ཞིག་ལའང་ཨ་སྒོར་ཁྲི་གཅིག་དང་ཉིས་སྟོང་ཉིས་བརྒྱ་ཙམ་གྱི་རིན་ཐང་ལྡན་པའི་ཡོ་བྱད་དང་ཉ་རྣམས་འཕྲོག་བཅོམ་བྱས་འདུག་ཅེས་གསར་ཤོག་ཐིན་ཕོང་གིས་གནས་ཚུལ་བཏོན་འདུག
དོན་རྐྱེན་འདི་ནི་ཉེ་ལམ་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་ཟེར་བའི་དམག་དཔོན་(He Lei)ཧོ་ལེ་ཡིས་རྒྱ་ནག་གི་ས་ཁོངས་དང་། བདག་དབང་། མཚོ་ཁམས་ཀྱི་ཐོབ་ཐང་དང་ཁེ་ཕན་ལ་ཕྱིའི་དགྲ་བོའི་བཙན་འཛུལ་གང་འདྲ་ཞིག་བྱུང་ཡང་ང་ཚོས་སྙིང་སྟོབས་ཆེན་པོས་རྩ་མེད་བཟོ་རྒྱུ་ཡིན་ཞེས་བཤད་ནས་བདུན་ཕྲག་འགའི་རྗེས་སུ་བྱུང་བ་ཞིག་ཡིན་འདུག ཁོས་གཏམ་བཤད་འདི་པེ་ཅིན་དུ་འཚོགས་པའི་སྲུང་སྐྱོབ་ལྷན་ཚོགས་ཤིག་གི་ཞོར་དུ་སྤེལ་བ་ཞིག་ཡིན་ལ། དེ་ཡང་ཉེ་ཆར་མཚོ་ཁུལ་དེར་ཧྥི་ལི་པིན་གྱི་གྲུ་གཟིངས་དང་ལྷན་དུ་གདོང་ཐུག་ཆེན་པོ་བྱུང་བའི་རྗེས་སུ་བཤད་པ་ཞིག་ཡིན་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།