ཝི་ནི་ཛུ་ལའི་དཔལ་འབྱོར་ཉམས་རྒུད་དང་མི་མང་གི་དཀའ་ངལ།

ལྷོ་ཨ་མི་རི་ཀའི་ཝི་ནི་ཛུ་ལའི་དཔལ་འབྱོར་ཉམས་རྒུད་ཆེན་པོ་ཕྱིན་ནས། མི་མང་ལ་དགོས་མཁོའི་བཟས་རིགས་ཀྱང་མེད་པ་ཆགས་ནས། རྒྱལ་ཁབ་གཞན་ལ་ཉོ་རུ་འགྲོ་དགོས་པའི་དཀའ་ངལ་འཕྲད་བཞིན་ཡོད་འདུག
13814599_1211645818859285_1147228194_nཉེ་བའི་ཆར་རྒྱལ་སྤྱིའི་ཐོག་སྣུམ་གྱི་རིན་གོང་ཆུང་དུ་ཕྱིན་ཡོད་པ་དང། ཝི་ནི་ཛུ་ལའི་དལ་འབྱོར་ཡོང་ཁུངས་གཙོ་བོ་དེ་སྣུམ་ཡིན་པས། རྒྱལ་ཁབ་དེར་དཔུལ་འབྱོར་ཉམས་རྒུད་ཤུགས་ཆེན་ཕྱིན་ནས། རྒྱལ་ཁབ་གཞན་ལས་དགོས་མཁོའི་བཟས་རིགས་དང་ཅ་དངོས་སོགས་ནང་འདྲེན་བྱེད་མི་ཐུབ་པ་གྱུར། ལུང་པའི་ཚོང་ཁང་ཚང་མ་སྟོང་པ་ཆགས་མ་ཟད། མི་མང་རྣམས་བཟས་རིགས་ཆེད་དུ་ཁྱིམ་མཚེས་རྒྱལ་ཁབ་ཀོ་ལོམ་བྷི་ཡར་བཟས་རིགས་ཉོ་བར་འགྲོ་དགོས་པའི་དཀའ་ངལ་འཕྲད་བཞིན་ཡོད་འདུག
ཕྱི་ལོ་༢༠༡༥ ལོའི་ཟླ་༨ པའི་ཚེས་༢༠ ཉིན་ཝི་ནི་ཛུ་ལས་ཁྱིམ་མཚེས་རྒྱལ་ཁབ་ཀོ་ལོམ་བྷི་ཡ་དང་གནས་པའི་མཐའ་མཚམས་ཀྱི་འཛུལ་སྒོ་གཙོ་བོ་གཉིས་སྒོ་བརྒྱབ་ཡོད་པ་དང་། རྗེས་སུ་མཐའ་མཚམས་བཞི་ལྷག་སྒོ་བརྒྱབ་ཡོད་པ་རེད། དེ་ཡང་ཀོ་ལོམ་བྷི་ཡ་ནས་ནག་ཚོང་རྒྱག་མཁན་མང་པོ་ཞིག་ཝི་ནི་ཛུ་ལར་འཛུལ་ནས་ཁྲིམས་འགལ་ལས་ཀ་མང་པོ་བྱེད་ཀྱི་ཡོད་པས། དེ་དག་འགོག་ཆེད་མཐའ་མཚམས་སྒོ་བརྒྱབ་པ་ཡིན་ཚུལ་གཞུང་འབྲེལ་གྱི་འགྲེལ་བརྗོད་ཡིན་འདུག
ཉེ་བའི་ཆར་ཝི་ནི་ཛུ་ལར་དཔལ་འབྱོར་གྱི་དཀའ་ངལ་དང་འབྲེལ། རྒྱལ་ཁབ་དེའི་བུད་མེད་༥༠༠ ལྷག་གིས་སོ་སོའི་ནང་མིར་ཁ་ལག་སྤྲོད་རྒྱུ་མེད་སྐོར་བརྗོད་ནས་ཟླ་འདིའི་ཚེས་༨ ཉིན་ཀོ་ལོམ་བྷི་ཡའི་མཐའ་མཚམས་བརྒལ་ནས་ཟས་རིགས་ཉོ་བར་ཕྱིན་ཡོད་པ་དང་། ཚེས་༡༠ ཝི་ནི་ཛུ་ལའི་གཞུང་གིས་མཐའ་མཚམས་སྒོ་ཕྱེས་པས། མི་མང་སྟོང་ཕྲག་མང་པོ་ཟས་རིགས་ཉོ་རུ་ཕྱིན་ཡོད་པ་རེད། རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལ། ད་བར་མི་མང་འབུམ་གཅིག་ལས་མང་བ་ཀོ་ལོམ་བྷི་ཡར་ཟས་རིགས་དང་དགོས་མཁོའི་བཅའ་དངོས་ཉོ་རུ་ཕྱིན་ཡོད་འདུག

ཟླ་འདིའི་ཚེས་༢༠ ཉིན་ཀོ་ལོམ་བྷི་ཡས་ཕྱོགས་གཉིས་ཀྱི་མཐའ་མཚམས་དེ་སྒོ་ཕྱེས་ན། གཏན་དུ་ཕྱེ་དགོས་པ་ལས། སྔོན་ལྟར་གནས་སྐབས་རིང་སྒོ་ཕྱེ་ཙམ་བསྐྱར་དུ་བྱེད་རྒྱུ་མིན་སྐོར་བརྗོད་འདུག་པ་དང་། དེ་བཞིན་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མི་ཐོབ་ཐང་ཚོགས་པས། ཝི་ནི་ཛུ་ལའི་སྲིད་འཛིན་ལ་ཕྱི་ལས་རོགས་སྐྱོར་ལེན་རྒྱུར་བསམ་བློ་གཏོང་དགོས་སྐོར་བརྗོད་ཡོད་འདུག
ལུང་པ་དེའི་ནང་སྣུམ་གྱི་ཐོན་ཁུངས་གཙོ་བོ་དང་དེ་མིན་ཅ་དངོས་ཉུང་ཉུང་ཞིག་མ་གཏོགས་བཟོ་སྐྲུན་བྱེད་ཀྱི་མེད་ཁར། དགོས་མཁོའི་ཅ་དངོས་རྣམས་ཕྱི་ལས་ནང་འདྲེན་བྱེད་ཀྱི་ཡོད་པས། ཐེངས་འདིར་སྣུམ་གྱི་རིན་གོང་མར་ཆགས་ནས་ཕྱི་ལས་ཅ་དངོས་ནང་འདྲེན་བྱེད་མ་ཐུབ་པར་དཀའ་ངལ་དེ་འཕྲད་པ་ཡིན་འདུག མི་མང་པོ་ཞིག་གིས་སྲིད་འཛིན་གྱིས་དཔལ་འབྱོར་འཆར་འགོད་ཡག་པོ་བྱས་མེད་པར་བརྟེན་ནས་བྱུང་བ་ཡིན་སྐོར་བརྗོད་དེ། ཁོང་ལས་གནས་ནས་དགོངས་པ་ཞུ་དགོས་པའི་ངོ་རྒོལ་སྐད་འབོད་བྱས་པར། འཛིན་བཟུང་བཀག་ཉར་གྱི་གནད་དོན་མང་པོ་ལྷག་ཡོད་འདུག མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་ལུང་པ་དེར་སྨྲ་བརྗོད་རང་དབང་དང་འདུ་འཛོམས་རང་དབང་ལག་བསྟར་བྱེད་དགོས་སྐོར་བརྗོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།