ཝུ་ཧན་གྲོང་ཁྱེར་གྱི་མི་མང་ཚང་མར་ཏོག་ནད་ཀྱི་བརྟག་དཔྱད་བྱེད་འཆར་འདུག 

རྒྱ་ནག་ནང་དུ་ཏོག་དབྱིབས་ནད་དུག་བསྐྱར་དུ་ཁྱབ་གདལ་འགྲོ་བཞིན་པ་དང་བསྟུན། ཏོག་དབྱིབས་ནད་དུག་ཐོག་མར་ཐོན་ཡུལ་ཝུ་ཧན་གྲོང་ཁྱེར་ནང་དུ་ཡང་གསར་དུ་ཏོག་ནད་ཁག་ཅིག་ཐོན་པས། གྲོང་ཁྱེར་གྱི་མི་མང་ཚང་མར་ཏོག་ནད་ཡོད་མེད་ཀྱི་བརྟག་དཔྱད་བྱེད་འཆར་འདུག 

ཟླ་༨ པའི་ཚེས་༣ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། འདས་པའི་ཉིན་གྲངས་༡༠ ཡི་ནང་རྒྱ་ནག་ནང་དུ་མི་གྲངས་༣༠༠ ལ་ཏོག་ནད་འགོས་ཡོད་པའི་གནས་ཚུལ་ཐོན་འདུག་པ་དང་། རྒྱ་ནག་གི་གྲོང་ཁྱེར་ནན་ཅིང་གི་མི་མང་ས་ཡ་༩.༢ ལ་ཏོག་དབྱིབས་ནད་དུག་འགོས་ཡོད་མེད་ཀྱི་བརྟག་དཔྱད་ཐེངས་གསུམ་བྱས་ཡོད་ཁར། མི་མང་སྟོང་ཕྲག་མང་པོ་འགྲོ་བསྐྱོད་བཀག་རྒྱ་འོག་ཏུ་བཞག་ཡོད་འདུག དེ་བཞིན་ཡུལ་སྐོར་སྤྲོ་འཆམ་པའི་ས་གནས་མང་པོ་ཞིག་སྒོ་བརྒྱབ་ནས་ཡུལ་སྐོར་སྤྲོ་འཆམ་རྣམས་རང་གནས་སུ་ཕྱིར་ལོག་མ་བྱས་པའི་སྔོན་དུ། ཏོག་ནད་ཡོད་མེད་བརྟག་དཔྱད་ངེས་པར་དུ་བྱེད་འཇུག་གི་ཡོད་འདུག 

དེ་ཡང་རྒྱ་ནག་གི་ཞིང་ཆེན་༡༥ ནས་ཏོག་ནད་ཐོན་ཡོད་ཁར། མི་མང་ས་ཡ་༡༡ ཡོད་པའི་ཝུ་ཧན་གྲོང་ཁྱེར་ནང་དུ་ཏོག་ནད་ཡོད་མཁན་མི་གྲངས་༧ ཐོན་རྗེས། མི་མང་ཚང་མར་ཏོག་ནད་ཡོད་མེད་ཀྱི་བརྟག་དཔྱད་བྱེད་འཆར་འདུག 

རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཡང་ཏོག་ནད་ཀྱི་གནས་ཚུལ་ཐོན་འདུག་པས། ཏོག་ནད་ཐོན་ཡུལ་གྱི་ཞིང་ཆེན་ཚང་མ་ནས་པེ་ཅིང་དུ་འགྲུལ་བཞུད་བྱེད་རྒྱུ་མེད་པ་བཟོས་ཡོད་པ་རེད། 

རྒྱ་ནག་གཞུང་གིས་ཏོག་ནད་གསར་དུ་ཁྱབ་གདལ་འགྲོ་བཞིན་པའི་རྒྱུ་མཚན་ནི། ཁྱབ་གདལ་འགྲོ་སླ་བའི་ཏོག་ནད་ཀྱི་ནད་འབུའི་རིགས་ཌེལ་ཀྲ་ཞེས་པ་དེ་ཁྱབ་བཞིན་པ་དང་། དེ་བཞིན་རྒྱལ་ནང་གི་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ས་གནས་གང་སར་བསྐྱོད་པའི་དུས་ཚོད་ཡིན་པས་ཡིན་སྐོར་བརྗོད་འདུག 

འཛམ་གླིང་ནང་ཏོག་ནད་ཀྱི་ནད་པ་ཐོག་མ་དེ་ཝུ་ཧན་ནས་ཐོན་ཡོད་ཁར། ཁུལ་དེའི་ནད་འབུའི་བརྟག་དཔྱད་ཁང་ཞིག་ནས་ཏོག་ནད་ཆེད་དུ་མངགས་ནས་ཁྱབ་གདལ་བྱེད་དུ་བཅུག་པ་ཡིན་སྐོར་བརྗོད་མཁན་མང་པོ་ཡོད་རྐྱེན། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ཏོག་ནད་འབྱུང་ཁུངས་རྩད་གཅོད་རིམ་པ་དང་པོ་ཚར་ནས། རིམ་པ་གཉིས་པ་བྱེད་འཆར་ཡོད་པ་རེད་དེ། རྒྱ་ནག་གཞུང་གིས་མཐུན་སྦྱོར་དེ་ཙམ་བྱེད་ཀྱི་མེད་པའི་གནས་ཚུལ་ཐོན་ཡོད་པ་རེད།

དེ་ཡང་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་རྩད་གཅོད་བྱེད་ཆེད་དུ། ཝུ་ཧན་གྲོང་ཁྱེར་དུ་བསྐྱར་དུ་ཡོང་རྒྱུ་དང་། བརྟག་དཔྱད་ཁང་གི་གནས་ཚུལ་མཁོ་སྤྲོད་དགོས་སྐོར་བརྗོད་པར། རྒྱ་ནག་གཞུང་གིས་ཁས་ལེན་བྱས་མེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།