ཝུའུ་དབྱིང་ཅེ་ཡིས་ལྐོག་རྔན་རྒྱ་སྒོར་དུང་ཕྱུར་༣་༤༣ བླངས་པའི་ནག་ཉེས་ངོས་ལེན་བྱས་ཡོད་པར་བརྗོད།

རྒྱ་ནག་གཞུང་གིས་དེ་སྔའི་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་སོགས་ཀྱི་ལས་ཡུན་རིང་པོ་འཁུར་མྱོང་མཁན་ཝུའུ་དབྱིང་ཅེ་ཡིས་ལྐོག་རྔན་རྒྱ་སྒོར་དུང་ཕྱུར་༣་༤༣ བླངས་པའི་ནག་ཉེས་ངོས་ལེན་བྱས་ཡོད་པ་དང་། དུས་ཚོད་བདམས་ནས་དཔྱད་ཁྲ་ཁྱབ་བསྒྲགས་བྱ་རྒྱུ་ཡིན་པའི་ཁྱབ་བསྒྲགས་བྱས་འདུག
རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་ཁག་གི་གནས་ཚུལ་ལྟར་ན། ཕྱི་ཟླ་༣ ཚེས་༢༠ ཉིན་པེ་ཅིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གསུམ་པས་འདྲི་གཅོད་དང་པོའི་ཡོངས་བསྒྲགས་ཁྲིམས་ར་ཟེར་བ་འཚོགས་ནས། སྐབས་བཅུ་བཞི་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་དེ་སྔའི་རྒྱུན་ཨུ་དང་རིག་གནས་དང་རིག་གནས་ལོ་རྒྱུས་དང་སློབ་སྦྱོང་ཨུ་ཡོན་ལྷན་ཁང་གི་དེ་སྔའི་འགན་འཛིན། བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་བྱེད་མྱོང་མཁན་ཝུའུ་དབྱིང་ཅེས་ལྐོག་རྔན་བླངས་པའི་གྱོད་གཞིར་འདྲི་གཅོད་བྱས་པའི་སྐོར་བཀོད་འདུག་པ་དང་། དེ་ཡང་ཕྱི་ལོ་ ༢༠༠༦ ཟླ་༦ པ་ནས་༢༠༢༡ ་ཟླ་༢ པའི་བར་ཝུའུ་དབྱིང་ཅེས་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་གི་དྲུང་ཆེ་སོགས་ལས་གནས་རིམ་པའི་འགན་འཁུར་བའི་རིང་ལས་གནས་ཀྱི་སྟབས་བདེ་སྤྱད་དེ། འབྲེལ་ཡོད་ཚན་པ་དང་མི་སྒེར་ལ་ལས་གྲྭ་འགན་གཙང་ལེན་པ་དང་ཁེ་ལས་གཉེར་སྐྱོང་སོགས་བྱེད་རོགས་བྱས་ཏེ་ཁྲིམས་འགལ་ངང་མི་གཞན་གྱི་རྒྱུ་དངོས་བླངས་པ་རྒྱ་སྒོར་ལ་ཕབ་ན་ཁྱོན་བསྡོམས་སྒོར་དུང་ཕྱུར་༣.༤༣ ལྷག་ཙམ་ཟིན་པའི་ཉེས་པ་ཞུ་གཏུག་བྱས་པར་བརྟེན། ཞིབ་དཔྱོད་ལས་ཁུངས་ཀྱིས་ལྐོག་རྔན་བླངས་པའི་ཉེས་པའི་ཐོག་ནས་ཝུའུ་དབྱིང་ཅེའི་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུའི་རེ་འདུན་ཞུས་ཡོད་པར་བརྗོད།
ཐེངས་འདིར་ཁྲིམས་རར་འདྲི་གཅོད་བྱེད་རིང་། ཞིབ་དཔྱོད་ལས་ཁུངས་ཀྱིས་འབྲེལ་ཡོད་དཔང་རྟགས་བཏོན་པ་དང་། ཞུ་སྦྱོར་ཕྱི་མ་ཝུའུ་དབྱིང་ཅེ་དང་དེའི་དག་འབུད་བྱེད་མཁན་ལ་ངོ་ཐུག་ར་སྤྲོད་བྱས་ཏེ། མཐར་ཝུའུ་དབྱིང་ཅེས་མཐའ་མའི་གསལ་བཤད་དང་ཁྲིམས་རར་རང་ཉེས་ངོས་ལེན་དང་འགྱོད་བཤགས་ཀྱང་བྱས་ཡོད་པ་དང་། དུས་ཚོད་བདམས་ནས་དཔྱད་ཁྲ་ཁྱབ་བསྒྲགས་བྱ་རྒྱུ་ཡིན་པར་བརྗོད་འདུག ལོ་སྔོན་མའི་ཕྱི་ཟླ་ ༡༢ ནང་རྒྱ་ནག་གཞུང་འབྲེལ་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱིས་ཞིབ་བཤེར་བརྟག་དཔྱད་བྱས་པ་བརྒྱུད། ཝུའུ་དབྱིང་ཅེ་ཡིས་ཏང་ལ་དད་སེམས་ཉམས་པ་དང་ཏང་གཤིས་ཀྱི་རྩ་དོན་ཤོར་བ། ཕུགས་བསམ་ཉམས་པ་དང་བོད་རང་སྐྱོང་ལྗོངས་ཀྱི་ཏང་གི་ཆབ་སྲིད་ཁོར་ཡུག་ལ་གཏོར་སྐྱོན་བཟོས་པ་སོགས་ཀྱི་ཉེས་མིང་བཀལ་ཏེ། ཏང་གི་སྐྱིད་སྡུག་དང་ལས་གནས་ནས་ཕྱིར་ཕུད་ཀྱི་ཉེས་ཆད་བཅད་ཡོད་པའི་གནས་ཚུལ་ཐོན་ཡོད་པ་དང་། ཁོས་བོད་ལྗོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་པ་དང་། ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་བྱེད་པོའི་འགན་འཁྲི་སྒྲུབ་ནུས་མི་འདང་བ། ལྐོག་ཟ་རུལ་སུངས་ཀྱི་གནད་དོན་མཆེད་པར་མཐུན་རྐྱེན་བསྐྲུན་པ། ཆབ་སྲིད་ཀྱི་ཁོར་ཡུག་ལ་གཏོར་བཤིག་བཏང་བ་སོགས་ཀྱི་ནག་ཉེས་བསྒྲགས་ཡོད་པ་རེད།
སྐབས་དེར་བོད་ནང་གི་མི་མང་པོས་བརྒྱུད་ལམ་ཁག་ནས་དགའ་བསུ་ཞུ་བཞིན་འདུག ཝུའུ་དབྱིང་ཅེས་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེའི་གོ་གནས་བཟུང་བའི་རིང་སོགས་ལ། བོད་མི་རྣམས་ལ་དྲག་གནོན་དང་ལྷག་ཏུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད། ཁ་ཕྲལ་ལ་འཐབ་རྩོད་ཟེར་བའི་ལས་འགུལ་ཤུགས་ཆེར་སྤེལ་ཡོད་པ་རེད། དེར་བརྟེན་ཕྱི་ལོ་ ༢༠༢༢ ལོར་ཨ་རི་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེན་བཏང་བའི་ནག་ཉེས་འོག་ཝུའུ་དབྱིང་ཅེ་དང་། ལྷ་སའི་ཉེན་རྟོག་སྤྱི་ཁྱབ་ཟུར་པ་བཅས་ལ། ཨ་རིར་ཡོད་པའི་རྒྱུ་དངོས་ཡོངས་རྫོགས་བཀག་སྡོམ་བྱས་ཏེ་ཉེས་ཆད་བཀལ་ཡོད་པ་རེད་ལ། དེ་བཞིན་ཁེ་ན་ཌའི་གཞུང་གིས་ཀྱང་ཝུའུ་དབྱིང་ཅེ་སོགས་རྒྱ་ནག་གི་འགོ་ཁྲིད་༨ ལའང་བོད་དང་ཡུ་གུར་མི་རིགས། རྩ་རླུང་སྒོམ་སྒྲུབ་བ་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བར་དཔལ་འབྱོར་གྱི་ཉེས་ཆད་བཅད་ཡོད་པ་རེད།
གསར་འགོད་པ། བསྟན་འཛིན་ལམ་བཟང་།