ཝུའུ་ཧན་ཏོག་དབྱིབས་ནད་ཡམས་“ནད་འབུ་བརྟག་དཔྱད་ཁང་ནས་བཟོས་པ་ཞིག་”རེད་ཟེར།
ཨ་རིར་བྲོས་བྱོལ་དུ་ཡོང་བའི་རྒྱ་ནག་གི་ཚན་རིག་པ་ལི་མེན-ཡོན་(Li Meng-Yan) གྱིས་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ནི་བཅིངས་གྲོལ་དམག་དང་འབྲེལ་བ་ཡོད་པའི་ནད་འབུ་བརྟག་དཔྱད་ཁང་ནས་བཟོས་པ་ཞིག་ཡིན་པ་ལས། པེ་ཅིང་གིས་བཤད་པ་ལྟར་དུད་འགྲོ་ཉོ་ཚོང་ཁྲོམ་ར་ནས་བྱུང་བ་ཞིག་མ་རེད་ཅེས་བཤད་འདུག
རྒྱ་ནག་གི་ཚན་རིག་པ་ལི་མེན-ཡོན་ནི་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཀྱི་ནད་འབུ་ལ་བརྟག་དཔྱད་ཞིབ་འཇུག་བྱེད་མཁན་གྱི་ཚན་རིག་པ་ཐོག་མའི་གྲས་སུ་གཏོགས་པ་དང་། ཁོང་འདི་ལོའི་ཕྱི་ཟླ་༤ པའི་ཟླ་སྨད་དུ་ཧོང་ཀོང་ནས་ཨ་རི་ལ་བྲོས་བྱོལ་དུ་ཡོང་རྗེས། རྒྱ་ནག་གཞུང་གིས་ནད་ཡམས་དང་འབྲེལ་བའི་གནས་ཚུལ་སྦས་སྐུང་བྱས་ཏེ་ནད་ཡམས་འཛམ་གླིང་ཁྱོན་ལ་ཁྱབ་ཏུ་བཅུག་པའི་གསང་བ་ཕྱིར་བསྒྲགས་བྱེད་འགོ་བརྩམས་ཡོད།
ཐའེ་ཝན་གྱི་གསར་ཁང་ཞིག་གིས་བདུན་ཕྲག་གོང་མར་ཁོང་ལ་ཐད་གཏོང་བཅར་འདྲི་བྱེད་སྐབས། ཁོང་གིས་དེ་སྔོན་ཁོང་གིས་ནད་འབུ་དེར་ཐོག་མར་ཞིབ་འཇུག་བྱེད་སྐབས། ནད་འབུ་དེ་རྒྱ་ནག་དམར་ཤོག་ཚོགས་པའི་དམག་དང་འབྲེལ་བ་ཡོད་པའི་ནད་འབུ་བརྟག་དཔྱད་ཁང་ནས་ཡོང་བ་ཞིག་ཡིན་པ་ཤེས་རྟོགས་བྱུང་བ་དང་། “དུད་འགྲོ་ཉོ་ཚོང་ཁྲོམ་ར་ནི་ཁ་གཡར་ས་”ཙམ་ཡིན་སྐོར་བརྗོད་འདུག
ཁོང་གིས་སྐབས་དེ་དུས་གསར་རྙེད་བྱུང་བའི་གནས་ཚུལ་རྣམས་གོང་རིམ་གྱི་སྨན་པ་ལ་ཡར་ཞུ་བྱས་ཀྱང་། སྨན་པ་ཚོས་ཁོང་ལ་“གནས་ཚུལ་ཕྱིར་བསྒྲགས་མི་བྱེད་པར་གཟབ་གཟབ་བྱེད་”དགོས་པའི་ཉེན་བརྡ་བཏང་ནས་བསྐྱུར་བྱུང་སྐོར་བརྗོད་པའི་ཐོག གལ་སྲིད་ཁོང་གིས་གནས་ཚུལ་དེའི་སྐོར་བཤད་པ་ཡིན་ན། སྙིང་སྟོབས་ཆེ་བའི་ཧོང་ཀོང་གི་ངོ་རྒོལ་བ་རྣམས་ལྟར་མེད་པར་འགྱུར་རྒྱུ་ཡིན་པ་དང་། ཐ་ན་མིང་ཙམ་ཡང་ལྷག་རྒྱུ་མིན་པ་ཤེས་རྟོགས་བྱུང་བའི་སྐོར་ཡང་བསྣན་འདུག
ནད་འབུ་ཉམས་ཞིབ་པ་ཁོང་གིས་ཁོང་ཨ་རིར་བྲོས་བྱོལ་དུ་ཡོང་བ་དེའི་དམིགས་ཡུལ་གཙོ་བོ་ནི་“ཝུའུ་ཝན་ཏོག་དབྱིབས་ནད་ཡམས་ཀྱི་བདེན་པ་དེ་འཛམ་གླིང་ལ་བསྒྲགས་པའི་ཆེད་ཡིན་སྐོར་”ནན་བརྗོད་བྱས་པ་མ་ཟད། “ཕྱིའི་འཛམ་གླིང་གིས་པེ་ཅིང་སྲིད་གཞུང་ཤེས་རྟོགས་ཡག་ཏུ་ཡོང་བ་དང་། རྒྱ་ནག་མི་མང་གིས་སྲིད་གཞུང་དེ་མགོ་རྟིང་སློག་པར་རོགས་བྱེད་པའི་”རེ་བ་བཅངས་པའི་ཐོག་ནས་འཛམ་གླིང་ལ་ནད་ཡམས་དང་དམར་ཕྱོགས་གཞུང་དང་འབྲེལ་བའི་བདེན་པ་རྣམས་མུ་མཐུད་ཕྱིར་བསྒྲགས་བྱེད་རྒྱུའི་དམ་བཅའ་ཡང་བཞག་འདུག
ལོ་སྔོན་མའི་ལོ་སྨད་དུ་རྒྱ་ནག་ནས་ཐོག་མར་བྱུང་བའི་ནད་ཡམས་དེ་ད་ཆ་འཛམ་གླིང་གི་ས་ཕྱོགས་གང་སར་ཁྱབ་གདལ་ཕྱིན་དང་འགྲོ་མུས་སུ་ཡོད་པ་དང་། ད་བར་འཛམ་གླིང་ཁྱོན་དུ་མི་འབོར་ས་ཡ་༡༨ ལ་ནད་ཡམས་དེ་ཕོག་ཟིན་ཞིང་། མི་མང་འབུམ་༧ ཙམ་ཤི་ཡོད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།