ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ལོ་སྔོན་མའི་དབྱར་སྨད་ནས་འབྱུང་འགོ་ཚུགས་འདུག་ཟེར།

ཧ་ཝར་ཌི་གསོ་རིག་སློབ་གྲྭའི་(Harvard Medical School)ཉམས་ཞིབ་ཀྱི་གྲུབ་དོན་གསར་པ་ཞིག་གིས། ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཀྱི་འགོ་ལོ་སྔོན་མའི་ཕྱི་ཟླ་ ༨ ནས་ཚུགས་ཡོད་སྲིད་སྐོར་བཤད་འདུག  

དེ་རིང་སྟེ་ཕྱི་ཟླ་ ༦ ཚེས་ ༩ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་གསར་འགྱུར་སྤེལ་བ་ལྟར་ན། ཧ་ཝར་ཌི་གསོ་རིག་སློབ་གྲྭས་ཝུའུ་ཧན་ཏོག་དབྱིགས་ནད་ཡམས་དང་འབྲེལ་བའི་ཉམས་ཞིབ་ཀྱི་གྲུབ་དོན་གསར་པ་ཞིག་ཕྱིར་བསྒྲགས་བྱས་པའི་ནང་། ད་ལྟ་འཛམ་གླིང་ཡོངས་སུ་ཁྱབ་སྟེ་མི་མང་འབུམ་ ༤ ལྷག་གི་ཚེ་སྲོག་འཕྲོག་མཁན་གྱི་ནད་ཡམས་དེ་རྒྱ་ནག་གི་གྲོང་ཁྱེར་ཝུའུ་ཧན་དུ་ཡོངས་གྲགས་ཀྱི་བཤད་སྲོལ་ལས་ཟླ་བ་འགས་སྔ་བ་བྱུང་ཡོད་པའི་ཚོད་དཔག་བྱས་འདུག

ཐེངས་འདིའི་ཉམས་ཞིབ་ནང་། ཉམས་ཞིབ་པ་ཚོས་བར་སྣང་འཁོར་སྐར་གྱིས་ཕྱི་ལོ་ ༢༠༡༩ ལོའི་ཕྱི་ཟླ་ ༨ དང་ ༩ ནང་བླངས་པའི་པར་རིས་རྣམས་དེའི་ལོ་སྔོན་མའི་དུས་ཚོད་གཅིག་ལ་བླངས་པའི་པར་རིས་དང་ཞིབ་བསྡུར་བྱས་པ་ལས། ༢༠༡༩ ལོའི་དབྱར་སྨད་དུ་ཝུའུ་ཧན་གྲོང་ཁྱེར་གྱི་སྨན་ཁང་རྣམས་ཀྱི་ཕྱི་རུ་བཞག་པའི་རླངས་འཁོར་གྱི་གྲངས་ཚད་ལྡབ་ཀྱིས་མང་བ་རྙེད་པ་མ་ཟད། ཏག་ཏག་དུས་སྐབས་དེར་རྒྱ་ནག་གི་དྲ་བའི་ཐོག་ཏུ་“ལུད་པ་”དང་། “གྲོད་ཁོག་བཤལ་བ་”ཡིས་མཚོན་པའི་ནད་ཡམས་གསར་པའི་ནད་རྟགས་སྐོར་ལ་བཙལ་འཚོལ་བྱེད་མཁན་ཡང་སྔར་ལས་མང་དུ་ཕྱིན་པའི་གནས་ཚུལ་ཤེས་རྟོགས་བྱུང་ཡོད་འདུག 

རྒྱ་ནག་གཞུང་གིས་ཉམས་ཞིབ་དེ་ནི་སྣང་ཚུལ་འབའ་ཞིག་ལ་གཞི་བཞག་པའི་ཁུངས་མེད་ཀྱི་གནས་ཚུལ་ཞིག་ཡིན་སྐོར་བཤད་འདུག ཡིན་ན་ཡང་།  ཉམས་ཞིབ་དེའི་འགོ་འཁྲིད་མཁན་སྨན་པ་ཇོན-བྷི་རུན་སི་ཐན་(John Brownstein)གྱིས་ཝུའུ་ཧན་གྲོང་ཁྱེར་དུ་ནམ་རྒྱུན་ངོས་འཛིན་བྱེད་པའི་ནད་ཡམས་ཀྱི་འགོ་ཚུགས་སའི་དུས་ཚོད་ཀྱི་སྔོན་དུ་“སྤྱི་ཚོགས་ཀྱི་ཟང་ཟིང་ཞིག་འབྱུང་བཞིན་ཡོད་པ་མངོན་གསལ་རེད་”ཅེས་བརྗོད་འདུག 

ཉམས་ཞིབ་པ་ཚོས་ ༢༠༡༩ ལོ་དང་ ༢༠༡༨ ལོའི་དུས་ཚོད་གཅིག་ཏུ་བླངས་པའི་པར་རིས་རྣམས་ཞིབ་བསྡུར་བྱས་པ་ལས། ཝུའུ་ཧན་གྲོངས་ཁྱེར་གྱི་སྨན་ཁང་ཆེ་ཤོས་གཅིག་གི་ཕྱི་རུ་ ༢༠༡༨ ལོར་རླངས་འཁོར་ ༡༧༡ བཞག་ཡོད་ན་ཡང་། ༢༠༡༩ ལོར་རླངས་འཁོར་གྱི་གྲངས་ཚད་བརྒྱ་ཆ་ %༦༧ འཕར་ནས་རླངས་འཁོར་ ༢༨༥ ཡོད་པ་ཤེས་རྟོགས་བྱུང་ཡོད་འདུག

ཉམས་ཞིབ་འདིའི་གལ་ཆེའི་རང་བཞིན་ཐད་ལ། སྨན་པ་ཇོན-བྷི་རུན་སི་ཐན་གྱིས“‘སྐབས་དེ་དུས་ཝུའུ་ཧན་གྲོང་ཁྱེར་དུ་ཅི་ཞིག་འབྱུང་བཞིན་ཡོད་པའི་སྐོར་གྱི་གནས་ཚུལ་ཞིབ་རྒྱས་སུ་གཏོང་རྒྱུ་དེ་གཙོ་བོ་རེད། ཡང་སྙིང་གནས་ཚུལ་ཅི་ཞིག་བྱུང་བ་ཡོངས་སུ་སྔོག་འདོན་བྱེད་པ་དང་། མི་མང་གིས་ནད་ཡམས་དེ་ཇི་ལྟར་བྱུང་ཞིང་ཇི་ལྟར་ཁྱབ་པ་དངོས་སུ་ཤེས་པར་ད་དུང་ཡང་ཉམས་ཞིབ་མང་པོ་བྱེད་དགོས། དེ་བས་འདི་ནི་དཔང་རྟགས་ཀྱི་ཆ་གཞན་ཞིག་རེད་”ཅེས་བཤད་ཡོད་འདུག 

གསར་འགོད་པ་དཀོན་མཆོག་རབ་བརྟན།