ཞལ་འདེབས་བསྡུ་རུབ་ཆེད་དུ་རོལ་དབྱངས་དགོང་ཚོགས།
ཟླ་འདིའི་ཚེས་༡༩ དགོང་མོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག ལྡི་ལིའི་ལལ་ཀི་ལིར་ས་གནས་ཀྱི་བོད་མིའི་ཁྲོམ་སར་མེ་སྐྱོན་བྱུང་བར། ཞལ་འདེབས་བསྡུ་རུབ་ཆེད་དུ་རོལ་དབྱངས་དགོང་ཚོགས་ཤིག་འཚོགས་ཡོད་པ་རེད།
དགོང་མོ་དེར་༢༠༠༧ ལོའི་རྒྱ་གར་གྱི་གླུ་དབྱངས་རོལ་རྩེད་(Indian Idol) འགྲན་སྡུར་ཁྲོད་ཨང་དང་པོ་ཐོབ་པའི་ཕཱར་ཤན་ཊི་རྟ་མང་དང་། ཁོང་གི་རོགས་པ་ཨ་བྷེ་ཤི་ཀུ་མར་གཉིས་ཀྱིས་ཡོན་གང་ཡང་མ་བླངས་པར་དང་བླངས་ཀྱི་ཐོག་ནས་ལྡི་ལི་ནས་གཞས་གཏོང་དུ་ཡོང་ཡོད་པ་རེད། དེ་བཞིན་དྷ་སར་གནས་སྡོད་བཙན་བྱོལ་ནང་གི་སྤུན་གསུམ་ཚན་ལྡེབས་དང་། མ་རེ་ཀོ་བཅས་ཀྱིས་དང་བླངས་ཐོག་ནས་འཁྲབ་སྟོན་བྱེད་རོགས་བྱས་ཡོད་པ་རེད། གཞས་པ་ཕཱར་ཤན་ཊི་རྟ་མང་ནི་དུས་རྒྱུན་བོད་དོན་རྒྱབ་སྐྱོར་བྱེད་མཁན་ཡིན་པ་དང་། བོད་དོན་ལས་འགུལ་ཆེད་ཀྱི་དཔལ་འབྱོར་བསྡུ་རུབ་ཀྱི་དགོང་ཚོགས་ཁག་ལ་མཉམ་ཞུགས་ཐེངས་མང་བྱེད་མྱོང་ཡོད་པ་རེད།
གཞོན་ལྷན་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། ཉེ་ཆར་ཁྲོམ་སར་མེ་སྐྱོན་བྱུང་བར་གཞོན་ལྷན་ཚོགས་གཙོ་ས་གནས་སུ་སོང་ནས། ཚོགས་པའི་ངོས་ནས་ཧིན་སྒོར་འབུམ་གཅིག་ཞལ་འདེབས་སྤྲད་པ་དང་། ས་གནས་གཞོན་ལྷན་ཁག་ལ་ཞལ་འདེབས་བསྡུ་རུབ་དགོས་པའི་བཀོད་ཁྱབ་བཏང་ཡོད་པ་རེད།
གཞོན་ལྷན་ཚོགས་གཙོས། “གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་བོད་མི་ཚོར་དཀའ་ངལ་ག་རེ་འཕྲད་ཀྱང་དུས་རྒྱུན་རོགས་པ་བྱེད་ཀྱི་ཡོད་པ་རེད་ལ། མི་མང་གིས་རེ་བ་བྱེད་སའི་སྒྲིག་འཛུགས་ཤིག་ཡིན་པས། མི་མང་ལ་ཞབས་ཕྱི་ཞུ་རྒྱུ་གལ་ཆེན་པོ་རེད། ས་གནས་གཞོན་ལྷན་ཚང་མས་ཞལ་འདེབས་བསྡུ་རུབ་བྱེད་རོགས་བྱེད་ཀྱི་ཡོད་པ་དང་། དཔལ་འབྱོར་བསྡུ་རུབ་བྱེད་སྟངས་འདྲ་མིན་ཡོད་པའི་ནང་ནས་དེ་རིང་རོལ་དབྱངས་དགོང་ཚོགས་དེ་འཚོགས་པ་ཡིན་”ཞེས་ངོ་སྤྲོད་གནང་སོང་།
དགོང་མོར་དེ་ལྟད་མོའི་འཛིན་བྱང་བཙོང་ནས་ཧིན་སྒོར་འབུམ་གཅིག་དང་བཞི་བརྒྱ་དང་། མི་མང་གི་ཞལ་འདེབས་ཁྲི་དགུ་དང་བཞི་སྟོང་དགུ་བརྒྱ་བྱུང་ཡོད་པ་རེད།
ཕྱི་ཟླ་༡༡ པའི་ཚེས་༨ ཉིན་ལྡི་ལིའི་ས་གནས་ལལ་ཀི་ལིར་བོད་མིའི་སུད་ཚོང་བ་ཁྱིམ་ཚང་༡༤༠ ལྷག་གི་ཁྲོམ་སར་མེ་ཤོར་བ་དང་། གྱོང་གུན་ཧིན་སྒོར་ས་ཡ་༡༢༠ ཙམ་ཕོགས་ཡོད་པ་རེད།
གསར་འགོད་པ་ཆོས་ཉིད་འོད་ཟེར།