ཞི་ཅིང་ཕིང་གིས་རྒྱལ་ཁབ་གཞན་ནས་སྨན་ཁབ་མཁོ་སྒྲུབ་བྱེད་འདོད་མེད་པ་རེད་འདུག

ཟླ་འདིའི་ཚེས་༤ ཉིན་རྒྱ་གར་གྱི་ཧིན་རྡུ་དུས་བབས་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་ནང་ཏོག་དབྱིབས་གཉན་རིམས་འགོ་མཁན་མང་དུ་འགྲོ་བཞིན་པའི་ཐོག རྒྱ་ནག་ནང་བཟོས་པའི་སྔོན་འགོག་སྨད་ཁབ་ལ་ནུས་པ་ཐོན་གྱི་མེད་པ་དང་། ལྷག་པར་ཞི་ཅིང་ཕིང་གིས་རྒྱལ་ཁབ་གཞན་ནས་སྔོན་འགོག་སྨན་ཁབ་མཁོ་སྒྲུབ་བྱེད་འདོད་མེད་པའི་གནས་ཚུལ་ཐོན་འདུག

ཟླ་བ་སྔོན་མའི་ནང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དང་ཧྲང་ཧེ་གྲོང་ཁྱེར་སོགས་ཀྱི་ནང་ལ་མི་མང་དང་སློབ་ཕྲུག་སྟོང་ཕྲག་མང་པོས་རྒྱ་ནག་གི་ཏོག་དབྱིབས་གཉན་རིམས་ཀླད་ཀོར་ཞེས་པའི་སྲིད་བྱུས་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ལ་ངོ་རྒོལ་བྱས་ཡོད་པ་བརྟེན། ད་ལྟའི་ཆར་རྒྱ་ནག་གི་གྲོང་ཁྱེར་ཁག་ཅིག་གི་ནང་། ནད་ཡམས་དང་འབྲེལ་བའི་དམ་དྲག་བྱེད་རྒྱུ་ཕྲན་བུ་ཆུང་དུ་ཕྱིན་ཡོད་ན་ཡང་། རྒྱ་ནག་གི་ནང་ཏོག་དབྱིབས་གཉན་རིམས་ཕོག་མཁན་ནི་སྔ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག

ཞིབ་འཇུག་པ་ཁག་ཅིག་གིས་རྒྱ་ནག་གིས་བཟོས་པའི་སྔོན་འགོག་སྨན་ཁབ་ལ་ནུབ་ཕྱོགས་སུ་བཟོས་པའི་སྔོན་འགོག་སྨན་ཁབ་བཞིན་ཕན་ནུས་པ་ཆེན་མོ་ཐོན་གྱི་མེད་པ་དང་། ལྷག་པར་དུ་ད་ལྟའི་ཆར་རྒྱ་ནག་གིས་ཕྱི་རྒྱལ་ནས་སྔོན་འགོག་སྨན་ཁབ་མཁོ་སྒྲུབ་བྱེད་པར་བཀའ་འཁྲོལ་གནང་གི་མེད་པར་བརྟེན། ནད་ཡམས་སྔོན་འགོག་ལ་ལྷོད་ཡངས་ཤོར་བ་དེ་ཡིས་མ་འོངས་པ་ཉེན་ཁ་ཆེ་པོ་ཞིག་འཕྲད་སྲིད་རབས་བརྗོད་བཞིན་འདུག

རྒྱ་ནག་གི་ནང་དུ་ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་དུ་འགྲོ་བཞིན་པ་དེ་ཡིས་རྒྱ་ནག་གི་དཔལ་འབྱོར་དང་སྤྱི་ཚོགས་ལྷིང་འཇགས་ལ་དོ་ཕོག་འགྲོ་བཞིན་ཡོད་ན་ཡང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་གིས་རྒྱ་ནག་ཏུ་བཟོས་པའི་སྔོན་འགོག་སྨན་ཁབ་ལས་ནུབ་ཕྱོགས་སུ་བཟོས་པའི་སྔོན་འགོག་སྨན་ཁབ་མཁོ་སྒྲུབ་དང་ཁས་ལེན་བྱེད་འདོད་མེད་རབས་ཀྱི་གནས་ཚུལ་ཐོན་འདུག

གསར་འགོད་པ། བློ་བཟང་རྒྱ་མཚོ།

Share this:

Leave a Reply