ཞི་ཅིང་ཕེན་གྱིས་བོད་དུ་ལྟ་སྐོར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ་འདུག
ཟླ་འདིའི་ཚེས་ ༢༤ ཉིན་སྔ་དྲོ་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་གི་རྒྱ་ནག་གཞུང་ཚབ་མདུན་དུ་བོད་རང་བཙན་འཐབ་རྩོད་པ་ཁག་གཅིག་གི་གོ་སྒྲིག་འོག་ཞི་ཅིང་ཕེན་གྱིས་བོད་དུ་ལྟ་སྐོར་ལ་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་རེད།
ལས་འགུལ་བ་བསྟན་འཛིན་དབང་འདུས་ཀྱི་ངོ་དེབ་ཐོག་གནས་ཚུལ་སྤེལ་བའི་ནང་། “དགྲ་བོ་རྒྱ་ནག་གི་སྲིད་འཛིན། དམར་ཤོག་ཇག་ཚོགས་ཀྱི་ཇག་དཔོན་ཞི་ཅིང་ཕིང་” གིས་བོད་ནང་ལྟ་སྐོར་ལ་ངོ་རྒོལ་ཡོད་པ་དང་། “བོད་དང་རྒྱ་ནག་བར་གྱི་རྩོད་གླེང་འདི་ཉིད་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པ་ནས་འགོ་བཙུགས་པ་ཡིན་པས། བོད་རང་བཙན་སླར་གསོ་གླེང་བ་ནི། བླ་ན་མེད་པའི་བདག་དབང་སྟེ། ལོ་རྒྱུས་དང་ཐོབ་ཐང་གླེང་བ་ཁོ་ན་མིན་པར། འདས་ཟིན་པའི་དཔའ་བོ་དཔའ་མོ་ཁྲི་འབུམ་དུ་མའི་བློས་གཏོང་གི་རིན་ཐང་དང་། ལྷག་པར་མ་འོངས་བོད་གསོན་པོར་གནས་པའི་ཁག་ཐེག་གི་མདུན་ལམ་གླེང་བ་ཡིན།”ཡིན་ཞེས་སྤེལ་འདུག
ལས་འགུལ་སྐབས་ཁོང་ཚོས་དགོས་འདུན་འབོད་ཚིག་དོན་ཚན་༧ བསྒྲགས་འདུག ༡༽ འཛམ་གླིང་མི་མང་ས་ཡ་གཉིས་ལྷག་དང་། ཨ་རི་བ་འབུམ་ལྔ་ལྷག་རྒྱ་ནད་ཀྱིས་བསད་པའི་འགན་རྒྱ་ནག་གིས་འཁུར་དགོས་པ་དང་། འཛམ་གླིང་མི་མང་གཉིད་ལས་སད་རན།
༢༽ རྒྱ་ནག་དམར་ཤོག་བཙུགས་ནས་ལོ་བརྒྱ་འཁོར་བར་ངོ་རྒོལ་དང་། རྒྱ་ནག་དམར་གཞུང་རྩ་རྫོགས་བྱ་དགོས།
༣༽ གྲོས་མཐུན་དོན་ཚན་བཅུ་བདུན་བཙན་འོག་ཏུ་བཞག་སྟེ། བོད་ཞི་བས་བཅིངས་འགྲོལ་བཏང་ཡིན་ཟེར་ནས་ལོ་༧༠ འཁོར་བར་ངོ་རྒོལ་དང་། བོད་རང་བཙན་ཤོར་ནས་ལོ་ ༧༠ འཁོར་བར་མྱ་ངན་ཞུ།
༤། བོད་དུ་རྒྱ་ནག་གིས་བཙན་འཛུལ་ལ་ངོ་རྒོལ་དང་། བོད་རང་བཙན་སླར་གསོ་ལ་རྒྱབ་སྐྱོར་གནང་རོགས།
༥། ༢༠༢༢ པེ་ཅིང་ཨོ་ལོམ་པིག་དང་། རྒྱ་ནག་གི་ཅ་དངོས་ཉོ་ཚོང་མཚམས་འཇོག་གནང་རོགས།
༦། རྒྱ་ནག་གིས་སིམ་འཛུལ་དང་ནད་འབུ་གཏོང་བ་སོགས། ཨ་རིའི་གཙོས་རྒྱལ་སྤྱིའི་བདེ་འཇགས་དང་རང་དབང་ལ་དོ་ཕོགས་ཚབ་ཆེན་གཏོང་བཞིན་ཡོད་པས། དོགས་ཟོན་དགོས།
༧། རྒྱ་ནག་གིས་བོད་དང་ཤར་ཏུར་ཀི་སི་ཐན། ལྷོ་སོག མན་ཇུ་བཅས་ལ་བཙན་འཛུལ་གིས་མུ་མཐུད་བཙན་བཟུང་དྲག་གནོན་བྱེད་བཞིན་པར་ངོ་རྒོལ་ཡོད།
གསར་འགོད་པ་ཆོས་ཉིན་འོད་ཟེར།