ཞི་ཅིན་ཕིང་གི་དཀྱིལ་ཤར་ཡུལ་གྲུ་ཁག་ལ་སྐོར་བསྐྱོད།
ཟླ་འདའི་ཚེས་༡༩ ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དཀྱིལ་ཤར་ཡུལ་གྲུ་ཁག་ཏུ་སྐོར་བསྐྱོད་ཐེངས་དང་པོའི་ཁྲོད། ཐོག་མར་སོ་དྷི་ཨ་རབ་ལ་འབྱོར་ཡོད་པ་རེད་འདུག
རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཤིན་ཧྭ་གསར་ཁང་ཐོག ཁོང་གིས་“རྒྱ་ནག་དང་སོ་དྷི་གཉིས་ཀྱི་འབྲེལ་ལམ་ལོ་༢༦ སྔོན་ལ་འགོ་བཙུགས་ཡོད་པ་དང། ལོ་ངོ་དེ་དག་ནང་ཕྱོགས་གཉིས་ཀྱི་ཡིད་ཆེས་ཟབ་ཏུ་དང་ལས་རིགས་འདྲ་མིན་ཐོག་ལ་མཉམ་ལས་ཀྱི་ནུས་པ་ཆེ་རུ་ཕྱིན་ཡོད་པ་རེད།” ཅེས་བརྗོད་པ་དང། སོ་དྷི་རྒྱལ་ཁབ་ནི་རྒྱ་ནག་ལ་རྡོ་སྣུམ་མང་ཤོས་མཁོ་སྤྲོད་བྱེད་མཁན་ཡིན་པ་དང། ཕྱི་ལོ་༢༠༡༤ ལོར་ཕྱོགས་གཉིས་ཀྱི་ཚོང་འབྲེལ་ཨ་སྒོར་ཐེར་འབུམ་༦༩.༡ བྱས་ཡོད་ཚུལ་བཀོད་འདུག
དེ་སྔོན་སོ་དྷི་དང་ཨི་རན་གཉིས་ཀྱི་རྩོད་གཞི་ལ་བརྟེན་ནས། གལ་ཏེ་དཀྱིལ་ཤར་ཡུལ་གྲུ་ཁུལ་ལ་བརྟན་ལྷིང་མེད་པ་གྱུར་ཚེ། རྒྱ་ནག་གི་དཔལ་འབྱོར་ལ་གྱོང་གུད་ཆེན་པོ་ཕོགས་སྲིད་པར་དཔྱད་ཞིབ་པ་མང་པོས་བརྗོད་ཡོད་པ་རེད། དེ་བཞིན་ནུབ་ཕྱོགས་ཀྱི་སྟོབས་ཆེན་རྒྱལ་ཁབ་ཨ་རི་སོགས་ཀྱིས་ཕྱོགས་གཉིས་དབར་ནང་འགྲིག་དགོས་པར་ནན་སྐུལ་བྱས་ཡོད་པ་དེ་ཡང། རང་ཉིད་ཀྱི་རྡོ་སྣུམ་མཁོ་སྤྲོད་ལ་བར་ཆད་མི་ཡོང་བ་དང། སི་རི་ཡའི་དམག་འཁྲུག་གི་དཀའ་ངལ་ཆེ་རུ་འགྲོ་བར་དོགས་ནས་ནན་སྐུལ་བྱས་པ་ཡིན་ཚུལ་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་ཡོད་པ་རེད།
སོ་དྷི་ལ་ཉིན་གཉིས་ཀྱི་སྐོར་སྐྱོད་གྲུབ་རྗེས། ཨི་ཇེབ་ལ་འགྲོ་རྒྱུ་ཡིན་པ་དང། མཐའ་མར་རྒྱ་ནག་ལ་རྡོ་སྣུམ་མཁོ་སྤྲོད་མང་པོ་བྱེད་མཁན་ཨི་རན་ལ་འགྲོ་རྒྱུ་ཡིན་འདུག
རྒྱ་ནག་གིས་དཀྱིལ་ཤར་ཡུལ་གྲུ་ཁག་དང་། གླིང་ཕྲན་ལྷོ་ཨ་ཧྤི་རི་ཀའི་རྒྱལ་ཁབ་ཁག་ལ། ཚོང་འབྲེལ་གྱི་འབྲེལ་ལམ་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་རེད།
གསར་འགོད་པ་སྐལ་བཟང་དོན་གྲུབ།