ཞི་ཅིན་ཕིང་གི་དབང་འོག་ནས་རྒྱ་ནག་གི་འབྱོར་ལྡན་པ་རྣམས་གར་སོང་ཆ་མེད་དུ་འགྱུར་བཞིན་ཡོད་འདུག

ཞི་ཅིན་ཕིང་གི་དབང་འོག་ཏུ་རྒྱ་ནག་ནང་མི་མང་ཁྲོད་ཚོང་ལས་ཐད་ནུས་པ་དང་འཇོན་ཐང་ཅན་གྱི་མི་ཚང་མ་ཉེས་མིང་འདྲ་མིན་དང་། སྐྱོན་འཛུགས་འདྲ་མིན་བཙུགས་ནས་བཙོན་འཇུག་དང་ཁྲིམས་གཅོད། གར་སོང་ཆ་མེད་སོགས་འགྱུར་བཞིན་ཡོད་འདུག

ཕྱི་ཚེས་༡༢ ཉིན་རྒྱ་གར་གི་(Flrstpost)གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གིས་དུས་རྒྱུན་དུ་རྒྱ་ནག་ནི་དམར་ཤོག་རྒྱལ་ཁབ་གཅིག་ཡིན་པའི་སྤོབས་པ་ཆེན་པོ་ཡོད་ཚུལ་དང་དམར་ཤོག་གཞུང་གིས་མི་མང་གི་དཔལ་འབྱོར་ཡར་རྒྱས་ཐད་བྱས་རྗེས་ཆེན་པོ་འཇོག་བཞིན་ཡོད་ཚུལ་ཤོད་ཀྱི་ཡོད་འདུག་ཀྱང་། རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཐད་རྒྱ་ནག་གཞུང་ལས་སྒེར་གྱི་ཚོང་པ་ཁག་གིས་ལེགས་སྐྱེས་ཆེ་བ་འབུལ་གྱི་ཡོད་འདུག དཔེར་ན། རྒྱ་ནག་ནང་རྒྱལ་ཁབ་ཀྱི་དཔྱ་ཁྲལ་ཡོང་འབབ་ནས་བརྒྱ་ཆ་༥༠ སྒེར་གྱི་ཚོང་པ་ནས་ཡོང་གི་ཡོད་འདུག་པ་དང་། ལོ་གཅིག་གི་ཡོང་འབབ་(GDP)ལས་བརྒྱ་ཆ་༦༠ ཚོང་པ་སྒེར་ཚོ་ནས་ཡོང་གི་ཡོད་འདུག འཕྲུལ་རིགས་གསར་གཏོད་ཀྱི་ཐད་བརྒྱ་ཆ་༧༠ སྒེར་གྱི་ཚོང་པ་ཚོ་ཡིན་འདུག་པ་དང་། རྒྱལ་ས་ཆེ་ཁག་ནང་ལས་ཀའི་བརྒྱ་ཆ་༨༠ ཙམ་སྒེར་གྱི་ཚོང་པ་ཚོས་སྤྲོད་ཀྱི་ཡོད་པ་སོགས་རྒྱ་ནག་གཞུང་ལས་སྒེར་གྱི་ཚོང་པ་ཚོས་དཔལ་འབྱོར་འཕེལ་རྒྱས་ཐད་ལེགས་སྐྱེས་ཆེ་བ་འབུལ་གྱི་ཡོད་འདུག་ཀྱང་། རྒྱ་ནག་གཞུང་གི་ངོས་ནས་སྒེར་གྱི་ཚོང་པ་དང་འབྱོར་ལྡན་པ་གྲགས་ཅན་མང་པོ་ཞིག་གཞུང་ལ་ཉེན་ཁ་མཐོང་ནས་ཉེས་མིང་འདྲ་མིན་བཙུགས་ཏེ་བཙོན་འཇུག་དང་ཁྲིམས་གཅོད། གར་སོང་ཆ་མེད་དུ་གཏོང་བ་སོགས་ཀྱི་གནས་ཚུལ་མང་པོ་ཡོང་གི་ཡོད་འདུག

རྒྱ་ནག་ནང་(Renaissance)ཟེར་བའི་ཚོང་གཉེར་ཁང་དེ་གསར་འཛུགས་གནང་མཁན་སྒོར་ཐེར་འབུམ་མང་པོའི་བདག་པོ་(Bao Fan)ཟེར་བ་དེ། ཉེ་ཆར་གར་སོང་ཆ་མེད་གྱུར་ཡོད་འདུག་པ་དང་། ཁོང་གར་སོང་ཆ་མེད་དུ་གྱུར་རྗེས་གཟའ་ཟླ་བའི་ཉིན་མ་རྐང་ཁྲོམ་རྭའི་ཁྲོད། ཁོང་གི་ཚོང་གཉེར་ཁང་གི་མ་རྐང་སུམ་ཆ་གཉིས་མེད་པར་གྱུར་ཡོད་འདུག རྒྱ་ནག་གཞུང་གིས་འགྲེལ་བརྗོད་བྱས་དོན་ལ་ཁོང་ད་ལྟར་འདྲི་རྩད་བྱེད་བཞིན་ཡོད་པར་བརྗོད་ཡོོད་འདུག ལོ་སྔོན་མར་རྒྱ་ནག་གཞུང་གིས་ཁོང་ལ་ཨ་སྒོར་ས་ཡ་༡༡ རྒྱ་ནག་གཞུང་ལ་སྤྲོད་དགོས་པར་བརྗོད་ཡོད་པ་ལས་གཞན་རྒྱུ་མཚན་ག་རེ་ལ་བརྟེན་ནས་སྤྲོད་དགོས་པ་སོགས་གང་ཡང་བརྗོད་ཡོད་མི་འདུག དེ་བཞིན་རྒྱ་ནག་ནང་ཕག་པ་གསོ་སྐྱོང་གི་ཚོང་ལས་གཉེར་མཁན་རང་ལོ་༧༨ ཅན་(Sun Dawu )ཟེར་བ་ཨ་སྒོར་ཐེར་འབུམ་གྱི་བདག་པོ་ཞིག་ཕྱི་ལོ་༢༠༢༡ ལོར་བཙོན་འཇུག་བྱས་ནས་མི་ལོ་༡༨ ཁྲིམས་ཆད་ཕོག་ཡོད་འདུག ཁྲིམས་ཆད་ཕོག་དོན་ནི་སྤྱི་ཚོགས་ནང་སྲིད་དོན་གྱི་ཀུན་སློང་གིས་རྐྱེན་པས་རྩོད་རྙོག་བཟོས་ཡོད་ཚུལ་དང་། ཕྱོགས་རིས་བྱས་ནས་དམར་ཤོག་གཞུང་གི་དཔོན་རིགས་ལ་སྐྱོན་འཛུགས་བྱས་ཡོད་པ། ད་དུང་ཁྲིམས་འགལ་གྱི་ཐོག་ནས་ཞིང་ས་བདག་ཉར་བྱས་ཡོད་སྐོར་སོགས་བརྗོད་ནས་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག  ཁོང་ལ་ཁྱོན་རྒྱ་སྒོར་ས་ཡ་༣་༡༡ ཙམ་ཉེས་ཆད་བཅད་ཡོད་འདུག 

དེ་རྗེས་རྒྱ་ནག་ནང་དང་རྒྱལ་སྤྱིའི་ནང་སྐད་གྲགས་ཡོད་པའི་(Jack Ma)ཟེར་བ་ཁོང་ཡང་ཕྱི་ལོ་༢༠༢༠ ནང་། ཁོས་རྒྱ་ནག་གཞུང་གི་དཔལ་འབྱོར་སྲིད་བྱུས་ཐད་ལ་སྐྱོན་བརྗོད་བྱས་རྗེས་དུས་ཡུན་རིང་པོར་གར་སོང་ཆ་མེད་དུ་གྱུར་རྗེས། རྒྱ་ནག་གཞུང་གིས་ཁོང་གི་ཚོང་གཉེར་ཁང་ལ་རྒྱ་སྒོར་ཐེར་འབུམ་༢་༨ ཉེས་ཆད་བཅད་ཡོད་འདུག་པ་དང་། (Alibaba)ཚོང་གཉེར་ཁང་གིས་ཁྲོམ་རྭའི་སྒྲིག་ཁྲིམས་དང་འགལ་ཡོད་ཚུལ་བརྗོད་ནས་ཉེས་ཆད་བཅད་ཡོད་འདུག དེ་བཞིན་རྒྱ་ནག་ནང་ཕྱི་ལོ་༢༠༢༢ ནས་ཁྱོན་སྒོར་ཐེར་འབུམ་གྱི་བདག་པོ་འབྱོར་ལྡན་པ་༢༢༩ ཙམ་མེད་པར་གྱུར་ཡོད་འདུག མང་པོ་ཞིག་ནི་རྒྱལ་ཁབ་གཞན་ལ་བྲོལ་བྱོལ་དུ་ཕྱིན་པ་དང་ཚོང་གཉེར་ལ་རྒྱ་གཞུང་ནས་བཀག་སྡོམ་དང་དམ་དྲག་བྱས་པའི་རྐྱེན་གྱིས་ཚོང་ལས་ལ་གྱོང་གུད་ཕོག་པ། ཚོང་གཉེར་ཁང་མང་པོ་ཞིག་གི་སྦྱིན་བདག་གཞུང་གིས་ཉེས་མིང་འདྲ་མིན་འོག་འཛིན་བཟུང་བྱས་པ་སོགས་ཀྱི་རྐྱེན་པས་རྒྱ་ནག་ནང་ཡོད་པའི་སྒེར་གྱི་ཚོང་པ་འབྱོར་ལྡན་པ་མང་པོ་ཞིག་མེད་པར་འགྱུར་གྱི་ཡོད་འདུག

རྒྱ་ནག་ནང་གལ་སྲིད་སྒེར་གྱི་ཚོང་གཉེར་ཁང་ཞིག་ཆེན་པོ་ཆགས་པ་དང་། མི་མང་ཁྲོད་ཤུགས་རྐྱེན་ཆེན་པོ་སྤྲོད་ཐུབ་མཁན་ཞིག་གྱུར་ན། རྒྱ་ནག་གཞུང་གིས་ཚོང་གཉེར་ཁང་དེ་མེད་པ་བཟོ་ཐབས་སུ་ཉེས་མིང་འདྲ་མིན་དང་སྐྱོན་འཛུགས་འདྲ་མིན་བཙུགས་ནས་བཀག་སྡོམ་བྱེད་ཀྱི་ཡོད་འདུག རྒྱུ་མཚན་དེ་དག་ལ་བརྟེན་ནས་ད་ཆར་ཨ་རི་དང་ཡུ་རོབ་སོགས་ཀྱི་མཐུན་ཚོགས་ཚོས་རྒྱ་ནག་ནང་མ་རྩ་འཛུགས་འཇོག་ཐད་གཟབ་གཟབ་བྱེད་དགོས་པ་མི་མང་ཁྲོད་ཁྱབ་བསྒྲགས་བྱེད་ཀྱི་ཡོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།