ཞི་ཅིན་ཕིང་གིས་གཞུང་ཚབ་གསར་པ་༡༢ བསྐོ་བཞག་བྱས་འདུག
རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་བཅུ་དགུ་པའི་དབུས་རྒྱུན་ལས་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་འཚོགས་ནས་ཉིན་འགའ་ཕྱིན་རྗེས། ཞི་ཅིན་ཕིང་གིས་རྒྱ་ནག་གི་གཞུང་ཚབ་མང་པོ་ཞིག་གི་གོ་གནས་བརྗེས་ཏེ་གསར་པ་བསྐོ་བཞག་བྱས་འདུག
རྒྱ་ནག་གི་གཞུང་འབྲེལ་གསར་ཁང་ཕྱིར་བསྒྲགས་བྱས་པ་ལྟར་ན། ཞི་ཅིན་ཕིང་གིས་ཟླ་༡༡ ཚེས་༥ ཉིན་རྒྱ་ནག་གི་གཞུང་ཚབ་༡༢ བརྗེས་ནས་གསར་པ་བསྐོ་བཞག་བྱས་འདུག་པ་དང་། གཞུང་ཚབ་བརྗེ་ལེན་བྱེད་ཡུལ་གྱི་རྒྱལ་ཁབ་དེ་དག་གི་ཁྲོད་དུ་པ་ཀི་སི་ཐན་(Pakistan) དང་། ཤི་རི་ལི་གྷ། (Sri Lanka) ཋོར་ཁིས་(Turkey) སོགས་འདུས་འདུག
དེ་བཞིན་གཞུང་ཚབ་དག་བརྗེ་ལེན་མ་བྱས་པའི་སྔ་ཉིན་ཏེ། ཕྱི་ཟླ་༡༡ ཚེས་༤ ཉིན་རྒྱ་ནག་གཞུང་གིས་དབྱིན་ཇི་དང་། རྒྱ་གར། ཧྥི་ལིད་པིན། བྷང་ལཱ་དྷེ་ཤི་བཅས་ནས་ཡོང་བའི་ཡུལ་སྐོར་བ་རྣམས་གནས་སྐབས་རིང་ཐོངས་མཆན་ཡོད་ཀྱང་འཛུལ་མི་ཆོག་པའི་གསལ་བསྒྲགས་སྤེལ་འདུག་པ་དང་། དེའི་རྒྱུ་མཚན་ལ་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཀྱི་དཀའ་ཉེན་བགྲངས་འདུག
རྒྱ་ནག་གིས་དེ་ལྟར་གློ་བུར་དུ་གཞུང་ཚབ་དེ་འདྲའི་མང་པོ་ཞིག་དུས་གཅིག་ལ་བརྗེ་བོ་རྒྱག་པ་ནི་རྒྱུན་ལྡན་གྱི་གནས་ཚུལ་ཞིག་མིན་ན་ཡང་། གཞུང་འབྲེལ་གསར་ཁང་ཁག་ཏུ་ཞི་ཅིན་ཕིང་གིས་“དབུས་རྒྱུན་ལས་ཀྱི་ཐག་གཅོད་”གཞིར་བཟུང་གིས་གཞུང་ཚབ་གསར་པ་བསྐོ་བཞག་བྱས་པ་དང་། གཞུང་ཚབ་གསར་རྙིང་གི་མིང་དང་ལས་དོན་སྒྲུབ་ཡུལ་གྱི་རྒྱལ་ཁབ་ཙམ་བཀོད་པ་ལས། ཅིའི་ཕྱིར་གཞུང་ཚབ་མང་པོ་ཞིག་གསར་བསྐོ་བྱས་པ་ཡིན་པའི་གནས་ཚུལ་གསལ་མི་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།