ཞི་ཅིན་ཕིང་གིས་ཕྱི་ལོ་༢༠༢༥ སླེབ་དུས་རྒྱ་ནག་ནང་རྒྱ་སྐད་རྒྱག་མཁན་བརྒྱ་ཆ་༨༥ བཟོ་རྒྱུའི་དམིགས་ཡུལ་ལ་ཤུགས་རྒྱག་དགོས་པའི་ནན་བརྗོད་བྱས་འདུག 

རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༢༥ སླེབ་དུས་རྒྱ་སྐད་རྒྱག་མཁན་གྱི་མི་འབོར་བརྒྱ་ཆ་༨༥ བཟོ་རྒྱུའི་དམིགས་ཚད་བཟུང་བ་དེ་ལ། རྒྱ་ནག་གིས་བཙན་བཟུང་བྱས་པའི་བོད་དང་། སོག་པོ། ཡུ་གུར་བཅས་ནས་མོས་མཐུན་མི་བྱེད་མཁན་དུ་མ་ཡོད་པར་བརྗོད་འདུག

ཕྱི་ཚེས་༡༢ ཉིན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་གིས་ཕྱི་ལོ་༢༠༢༥ སླེབ་དུས་རྒྱ་ནག་ནང་རྒྱ་སྐད་རྒྱག་མཁན་མི་འབོར་བརྒྱ་ཆ་༨༥ བཟོ་ཐུབ་པར་བྱེད་དགོས་པའི་བཀའ་བཏང་ཡོད་འདུག་པ་དང་། དམིགས་བསལ་རྒྱ་ནག་གི་ས་མཚམས་ཀྱི་ས་ཁུལ་ཁག་ཏུ་རྒྱ་སྐད་རྒྱག་མཁན་མང་དུ་གཏོང་དགོས་པའི་བཀའ་བཏང་ཡོད་འདུག རྒྱ་ནག་ལྟ་བུར་མཚོན་ན་གྲངས་ཉུང་མི་རིགས་སྣ་མང་ཡོད་པའི་རྒྱལ་ཁབ་གཅིག་ཆགས་ཀྱི་ཡོད་པར་བརྟེན། དེ་ནི་ཧ་ཅང་གི་བཙན་གནོན་རང་བཞིན་གྱི་སྲིད་བྱུས་ཤིག་ཡིན་འདུག དཔེར་ན། ད་ལྟའི་རྒྱ་ནག་གི་དབང་འོག་ཏུ་བོད་དང་སོག་པོ། ཡུ་གུར་སོགས་ཀྱི་མི་རིགས་སྣ་མང་ཡོད་པ་དང་། མི་རིགས་དེ་དག་སོ་སོ་ལ་སྐད་ཡིག་སྣ་མང་ཡོད་ཀྱང་། ད་ཆར་རྒྱ་ནག་གཞུང་གིས་སྐད་ཡིག་དེ་དག་མེད་པར་བཟོ་ཐབས་ཆེད་དུ་སློབ་གྲྭ་དང་མཐོ་སློབ་སོགས་ཀྱི་ནང་རྒྱ་སྐད་ལས་མི་རིགས་སོ་སོའི་སྐད་ཡིག་མེད་པར་བཟོ་བཞིན་ཡོད་འདུག འོན་ཀྱང་། བོད་དང་སོག་པོ། ཡུ་གུར་སོགས་ཀྱི་གྲངས་ཉུང་མི་རིགས་ཁག་གིས་རྒྱ་ནག་གི་སྲིད་བྱུས་དེ་ལ་འདོད་པ་མེད་པའི་རྣམ་འགྱུར་སྟོན་མཁན་ཧ་ཅང་མང་པོ་ཡོད་པར་བརྗོད་འདུག རྒྱུ་མཚན་ནི་སྲིད་བྱུས་དེ་ཡིས་གྲངས་ཉུང་མི་རིགས་ཁག་གི་རིག་གཞུང་དང་ངོ་བོ། སྐད་ཡིག་སོགས་འཇིགས་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པར་བརྗོད་འདུག གཟའ་ཟླ་བའི་ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་གིས་རྒྱ་ནག་གི་ཆབ་སྲིད་ལྷན་ཚོགས་ལ་གཏམ་བཤད་བྱས་དོན་ལ། རྒྱ་ནག་ནང་ཡོད་པའི་གྲངས་ཉུང་མི་རིགས་ཁག་གི་མཐུན་སྒྲིལ་ལ་ཤུགས་རྒྱག་དགོས་པ་དང་། གྲངས་ཉུང་མི་རིགས་ཁག་གི་ཁོར་ཡུག་དང་། སྤྱི་ཚོགས་སོགས་ཀྱི་ཁྲོད་མཐུན་སྒྲིལ་ཡོང་ཐབས་སུ་གཞུང་གིས་གཏན་འབེབས་བྱས་པའི་རྒྱ་སྐད་བསླབ་གཞི་རྣམས་ངེས་པར་དུ་རྒྱུན་མཁྱོངས་ལྡན་པའི་ཐོག་ནས་ལག་བསྟར་བྱེད་དགོས་པ་དང་། དེ་བཞིན་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་གྲོས་ལྷན་ཚོགས་ཀྱི་ཚོགས་མི་གཙོ་གྲས་རྣམས་ལ་རྒྱ་ནག་གི་མཐའ་མཚམས་ཀྱི་མི་རིགས་ཀྱི་སེམས་ལ་རིག་གཞུང་དང་སྐད་ཡིག སྤྱི་ཚོགས་སོགས་རྒྱ་ནག་རྒྱལ་ཁབ་ཀྱི་མི་རིགས་ཤིག་ཡིན་པའི་འདུ་ཤེས་སླེབས་ཐབས་ལ་འབད་དགོས་པར་བརྗོད་ཡོད་པ་མི་དམངས་ཉིན་རེས་ཚགས་པར་ཐོག་བཀོད་ཡོད་འདུག 

ཞི་ཅིན་ཕིང་གིས་འདས་པའི་ལོ་ཤས་ནང་རྒྱ་ནག་ཁྱོན་ཡོངས་ལ་རྒྱ་སྐད་དར་ཁྱབ་གཏོང་ཐབས་སུ་འབད་རྩོན་ཧ་ཅང་བྱས་ཡོད་འདུག་ལ། དེ་བཞིན་གྲངས་ཉུང་མི་རིགས་ཁྲོད་རྒྱ་སྐད་དར་ཁྱབ་གཏོང་ཐབས་སུ་ཤུགས་ཆེན་པོ་བརྒྱབས་ཡོད་འདུག ཕྱི་ལོ་༢༠༢༠ ནང་སོག་པོའི་ས་ཁུལ་དུ་རྒྱ་སྐད་དེ་གཞི་རིམ་སློབ་གྲྭ་ཁག་གིས་བསླབ་གཞིའི་ནང་སྐད་ཡིག་གཙོ་བོ་རྒྱ་སྐད་བཟོས་པར་བརྟེན་སོག་པོའི་ནང་སློབ་གྲྭ་མང་པོས་ངོ་རྒོལ་ཆེན་པོ་བྱས་ཡོད་འདུག 

ད་ཆར་བོད་ནང་རྒྱ་སྐད་བེད་སྤྱོད་བྱེད་རྒྱུར་ཤུགས་ཆེན་པོ་རྒྱག་བཞིན་ཡོད་པས། བོད་མི་ཚོས་མི་དགའ་བའི་རྣམ་འགྱུར་སྟོན་མཁན་མང་པོ་ཡོད་པར་བརྗོད་འདུག དེ་བཞིན་ཡུ་གུར་ཁ་ཆེའི་མི་རིགས་ས་ཁུལ་ཁག་ཏུ་ཡང་རྒྱ་སྐད་བཙན་གྱིས་སློབ་འཇུག་བཞིན་ཡོད་འདུག་པར་བརྟེན། ཡུ་གུར་ཁ་ཆེ་མི་རིགས་རྣམས་ཀྱི་སྐད་དང་ཡིག་གེ རིག་གཞུང་སོགས་བརླག་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་ཡོད་འདུག་པས། དེ་ལ་མོས་མཐུན་མེད་མཁན་ཧ་ཅང་མང་པོ་ཡོད་འདུག 

 རྒྱ་ནག་གི་སྲིད་བྱུས་དེ་ཕྱི་ལོ་༢༠༢༡ ཟླ་བ༡༢ ཚེས་༢༨ ཉིན་རྒྱ་ནག་གི་ཤེས་རིག་ལྷན་ཁང་གིས་བཏན་འབེབས་བྱས་ཡོད་འདུག་ལ། ཕྱི་ལོ་༢༠༢༥ སླེབ་དུས་རྒྱ་ནག་གི་གྲོང་གསེབ་ཁུལ་དུ་རྒྱ་སྐད་བརྒྱ་ཆ་༨༠ ཤེས་པར་བཟོ་རྒྱུ་དང་། རྒྱ་ནག་སྤྱི་ཡོངས་ནང་བརྒྱ་ཆ་༨༥ བཟོ་རྒྱུའི་འཆར་གཞི་ཡོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།