ཞི་ཅིན་ཕིང་གིས་མུ་མཐུད་དབང་ཆ་བཟུང་བ་དེས་དམར་ཤོག་ཚོགས་པའི་“སྲ་བརྟན་ལ་གནོད་སྐྱོན་ཚབས་ཆེན་”ཡོང་ངེས།

ཁུ་ནལ-གྷ་རཱས་(Kunal Gaurav)རྩོམ་སྒྲིག་བྱས། མ་རྩོམ་དབྱིན་ཡིག

དཀོན་མཆོག་རབ་བརྟན་གྱིས་བསྒྱུར། 

སྲིད་འཛིན་ཞི་ཅིན་ཕིང་གི་དབང་འོག་ཏུ་ཡོད་པའི་རྒྱ་ནག་དམར་ཤོག་ཚོགས་པས་ཕྱི་ཟླ་ ༧ ཚེས་ ༡ ཉིན་དམར་ཤོག་ཚོགས་པ་ལོ་བརྒྱ་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་བའི་སྟ་གོན་བྱེད་ཀྱི་ཡོད། ཚོགས་མི་ས་ཡ་ ༩༠ ལྡན་པའི་རྒྱ་ནག་དམར་ཤོག་ཚོགས་པ་འགོ་ཁྲིད་གཅིག་གི་ཚོགས་པར་ཕྱིར་ལོག་བྱས་ཡོད་པ་དང་། ལྷག་པར་དུ་སྲིད་འཛིན་གྱི་ལས་ཡུན་གཉིས་ལས་མང་བ་བཟོས་པའི་རྗེས་སུ་དེ་ལྟར་ཆགས་ཡོད། ཡིན་ན་ཡང་། ཉམས་ཞིབ་པ་ཚོས། གལ་སྲིད་ཞི་ཅིན་ཕིང་གིས་ལས་ཡུན་གཉིས་ཀྱི་རྗེས་སུ་མུ་མཐུད་དབང་ཆ་བཟུང་བ་ཡིན་ན། མ་འོངས་པར་ཚོགས་པའི་“སྲ་བརྟན་ལ་གནོད་སྐྱོན་ཚབས་ཆེན་”ཡོང་ངེས་པའི་ཉེན་བརྡ་གཏོང་གི་ཡོད། 

དུས་རྒྱུན་གྱི་ལུགས་སྲོལ་དང་མི་འདྲ་བར། རྒྱ་ནག་དམར་ཤོག་ཚོགས་པས་ད་ལྟའི་འགོ་ཁྲིད་ཚོའི་ལས་ཡུན་གཉིས་པའི་སྐབས་སུ་དམར་ཤོག་ཚོགས་པའི་དྲུང་ཆེ་ལ་སྲིད་འཛིན་རྗེས་མའི་མིང་འདོན་བྱས་མེད་པ་དང་། ལོ་རྗེས་མར་ལོ་འཁོར་ལྔ་རེའི་གཞུང་འཛིན་མི་སྣ་བརྗེ་བའི་ཚོགས་ཆེན་སྐབས། སྲིད་འཛིན་ཞི་ཅིན་ཕིང་མུ་མཐུད་བླ་ན་མེད་པའི་འགོ་ཁྲིད་དུ་གནས་ངེས་རེད། 

ལྷོ་རྒྱ་ནག་རྒྱ་མཚོའི་ཞོགས་པའི་བརྡ་འཕྲིན་(South China Morning Post) གྱིས་བདུན་ཕྲག་གོང་མའི་རེས་གཟའ་པ་སངས་ཉིན་སྤེལ་བའི་རྩོམ་ཡིག་ཅིག་གི་ནང་དུ། ལོ་རྗེས་མའི་དམར་ཤོག་ཚོགས་པའི་ལོ་འཁོར་ལྔ་རེའི་ཚོགས་ཆེན་ཐོག ཞི་ཅིན་ཕིང་གིས་དབང་ཆ་[སོ་སོ་ལ་]བརྒྱུད་སྤྲོད་བྱེད་པའི་དཀའ་རྙོག་དེ་ཇི་ལྟར་སེལ་བའི་འཆར་གཞི་འཐེན་གྱི་ཡོད་པ་གསལ་པོ་ཆགས་ངེས་ཞེས་བརྗོད་ཡོད་ལ། ཧོང་ཀོང་དུ་རྟེན་གཞི་བྱས་པའི་ཉིན་རེའི་གསར་འགྱུར་ཁང་(Daily) གིས་སྤེལ་བའི་གནས་ཚུལ་ལྟར་ན། དབང་ཆ་བརྒྱུད་སྤྲོད་བྱེད་པའི་འཆར་གཞི་དེ་ཞི་ཅིན་ཕིང་གི་དཀའ་ཁག་ཆེ་རྙོག་ཆེ་ཤོས་སུ་འགྱུར་ངེས་པ་དང་། དེས་འབྱུང་འགྱུར་གྱི་ལོ་ངོ་བཅུ་ཕྲག་དུ་མའི་རིང་ལ་དམར་ཤོག་ཚོགས་པའི་ལས་དབང་ཐག་གཅོད་ངེས། 

ཕྱི་ལོ་ ༡༩༩༧ བར་དུ་དམར་ཤོག་ཚོགས་པའི་འགོ་འཁྲིད་མཁན་དང་། ཅུང་གུ་ཡངས་ཀྱི་ལྟ་བ་ལྡན་པའི་ཏིང་ཞའོ་ཕིན་གྱིས་དམར་ཤོག་ཚོགས་པའི་ནང་དུ་སྡེ་ཚན་དང་ཕྱོགས་ཁག་ཚང་མ་ཡོད་པའི་འགོ་ཁྲིད་ཀྱི་ལམ་ལུགས་ཤིག་གསར་གཏོད་བྱས་ཡོད། ཡིན་ན་ཡང་། ཕྱི་ལོ་ ༢༠༡༧ ལོར་ཞི་ཅིན་ཕིང་གི་ལས་ཡུན་དང་པོ་དེ་རྫོགས་ཁར་སྲིད་འཛིན་གོང་མ་ཚོ་ལྟར་ཁོའི་རྗེས་ཀྱི་སྲིད་འཛིན་གྱི་མིང་འདོན་བྱས་མེད་པ་མ་ཟད། ཉམས་ཞིབ་པ་ཚོས་ལོ་རྗེས་མར་ཡང་འགོ་ཁྲིད་གསར་པ་ཡོང་རྒྱུ་ཤིན་ཏུ་ཁག་པོ་ཆགས་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད། 

འཛམ་གླིང་ཡོངས་ཁྱབ་ཀྱི་ནད་ཡམས་ལ་བརྟེན་ནས་གོ་ལ་ཁྱོན་དུ་དཀའ་ངལ་ཆེན་པོ་འཕྲད་བཞིན་པའི་དུས་སྐབས་འདིར། ཞི་ཅིན་ཕིང་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་ཁོའི་འགོ་ཁྲིད་དང་ལམ་སྟོན་དེ་རྒྱ་ནག་ལ་ཧ་ཅང་ཁ་ཚ་དགོས་ཐུག་ཏུ་གྱུར་བ་སྟོན་གྱི་ཡོད། ཡིན་ན་ཡང་། ལོན་ཊོན་སློབ་གྲྭ་ཆེན་མོའི་རྒྱ་ནག་རིག་པའི་སྡེ་ཚན་གྱི་འགན་འཛིན་སི་ཊི་ཝི-ཚང་(Steve Tsang) གིས་བརྗོད་པ་ལྟར་ན། གནད་དོན་དེས་དམར་ཤོག་ཚོགས་པར་དཀའ་རྙོག་སློང་སྲིད་པ་རེད། སི་ཊི་ཝི-ཚང་གིས་ཝ་ཤིན་ཏྲོན་ཆ་འཕྲིན་(Washington Post) ལ་“མཇུག་མཐར་དབང་ཆ་བརྒྱུད་སྤྲོད་ཀྱི་དུས་ལ་བསླེབ་དུས། གལ་སྲིད་སྒྲོམ་གཞི་དང་བརྒྱུད་རིམ་ཁ་གསལ་དང་ལེགས་པོ་ཞིག་མེད་ན་དམར་ཤོག་ཚོགས་པའི་སྲ་བརྟན་ལ་གནོད་སྐྱོན་ཆེན་པོ་ཡོང་ངེས་”ཞེས་བཤད་ཡོད།

དེ་བཞིན་མཱར་ཁ་ཋོར་རྒྱ་ནག་ཞིབ་འཇུག་ཁང་(Mercator Institute for China Studies) གི་ཉམས་ཞིབ་པ་རྒན་པ་ནཱ་སཱ-གྷ་རན་བྷར་(Nis Gruenberg) གྱིས་ལྷོ་རྒྱ་ནག་རྒྱ་མཚོའི་ཞོགས་པའི་ཆ་འཕྲིན་ཐོག་ཞི་ཅིན་ཕིང་གིས་སྲིད་འཛིན་གྱི་ལས་ཡུན་མེད་པ་བཟོས་ནས་ཁོ་རང་གི་དམིགས་འདུན་ལྟར་དམར་ཤོག་ཚོགས་པའི་དབང་སྒྱུར་འོག་ཡོད་པའི་རྒྱལ་ཁབ་འཛུགས་པའི་དུས་ཚོད་དེ་རིང་དུ་བཏང་ཡོད། ཡིན་ན་ཡང་། དེ་དང་ཆབས་ཅིག་ཏུ་ཁོས་[དམར་ཤོག་གི་]འགོ་ཁྲིད་ལམ་ལུགས་དེ་“ཧ་ཅང་ངེས་གཏན་མེད་པ་”ཞིག་ཀྱང་བཟོས་ཡོད་ཅིང་།“དེས་ཞི་ཅིན་ཕིང་ཕར་སོང་མ་ཐག འགོ་ཁྲིད་ཀྱི་ལམ་ལུགས་དེ་སྲ་བརྟན་མེད་པ་སྒྱུར་ངེས་རེད་”ཅེས་བརྗོད་ཡོད།

ཨ་རིའི་རྒྱལ་སྤྱིིའི་འབྲེལ་ལམ་ཉམས་ཞིབ་ལྟེ་གནས་(Centre for Strategic International Studies) དང་། ཨོ་སི་ཁྲུ་ལི་ཡའི་ལཱའུ་ཞིབ་འཇུག་ཁང་(Lowy Institute) གཉིས་ཀྱིས་མཉམ་འབྲེལ་ཐོག་ནས་སྤེལ་བའི་སྙན་ཐོ་ལྟར་ན། ཞི་ཅིན་ཕིང་གིས་སོ་སོའི་དབང་ཤུགས་སྲ་བརྟན་བཟོས་ཡོད་ན་ཡང་། རྒྱལ་ཁབ་སྲ་བརྟན་མེད་པའི་དབང་ཆ་བརྒྱུད་སྤྲོད་ཀྱི་དཀའ་རྙོག་ནང་དུ་འཕངས་ཡོད། ཕྱི་ཟླ་ ༤ པའི་འགོ་སྟོད་དུ་བཏོན་པའི་སྙན་ཐོ་དེའི་ནང་དུ། རྒྱ་ནག་གི་ཆབ་སྲིད་ལམ་བུ་དེ་ངེས་གཏན་བྲལ་བའི་སྨུག་པས་ཡོངས་སུ་བཏུམས་ནས་ཡོད་ཅེས་འཁོད་ཡོད། 

ཞིབ་འཇུག་ཁང་དེ་གཉིས་ཀྱིས་“དུས་རབས་ཉེར་གཅིག་ནང་བྱུང་བའི་དབང་ཆ་བརྒྱུད་སྤྲོད་ཀྱི་དཀའ་རྙོག་དེས་གོ་ལ་ཡོངས་ལ་ཐེབས་པའི་ཤུགས་རྐྱེན་དེ་ངོ་མ་བསམ་བརྗོད་ལ་འདས་པ་ཞིག་ཡོང་ངེས་”ཞེས་བཤད་ཡོད། །