ཞི་ཅིན་ཕིང་གིས་འགོ་ཁྲིད་པའི་རྒྱ་ནག་གིས་སྲིད་བློན་ཟུར་པ་ཨུན་ཇའོ་བྷོ་ཡི་རྩོམ་ཡིག་ཀྱང་བཀག་སྡོམ་བྱས་འདུག
ཞི་ཅིན་ཕིང་གི་འགོ་ཁྲིད་འོག རྒྱ་ནག་སྔར་བས་ཀྱང་གུ་ཇེ་དོག་དང་དམ་དྲག་ཇེ་ཆེར་འགྱུར་བཞིན་ཡོད་པས། ཐ་ན་སྲིད་བློན་ཟུར་པ་ཨུན་ཇང་བྷོ་(Wen Jiabao)ཡི་ཨ་མ་འདས་མོ་རྗེས་སུ་དྲན་པའི་རྩོམ་ཡིག་ཅིག་ཀྱང་བཀག་སྡོམ་གྱི་རྒྱ་ལས་མ་ཐར་བར་དྲ་ཐོག་ནས་ལྟ་ཀློག་མི་ཐུབ་པ་བཟོས་ཡོད་འདུག
བདུན་ཕྲག་གོང་མའི་རེས་གཟའ་པ་སངས་ཉིན་གྲོང་ཁྱེར་མའེ་ཁོའི་(Macau)ཡི་གསར་ཁང་ཆུང་ཆུང་ཞིག་གིས་རྒྱ་ནག་གི་སྲིད་བློན་ཟུར་པ་ཨུན་ཇའོ་བྷོ་ཡི་རྩོམ་ཡིག་རིང་པོ་ཞིག་སྤེལ་ནས་སྐད་འཕྲིན་ཐོག་ཏུ་བརྒྱུད་སྐུར་བྱས་རྗེས། རྒྱ་ནག་གཞུང་གི་དྲ་བའི་སྟངས་འཛིན་བྱེད་མཁན་ཚོས་འཕྲལ་དུ་རྩོམ་ཡིག་དེ་བཀག་སྡོམ་བྱས་ཏེ་ལྟ་ཀློག་དང་བརྒྱུད་སྐུར་བྱེད་རྒྱུ་མེད་པ་བཟོས་ཡོད་འདུག
ན་ནིང་ལོ་མཇུག་ཏུ་མེད་པར་གྱུར་བའི་ཨ་མ་ལ་རྗེས་དྲན་བྱེད་པའི་རྩོམ་ཡིག་དེའི་ནང་། སྲིད་བློན་ཨུན་ཇའོ་བྷོ་ཡིས་རྒྱ་ཉིའི་དམག་འཁྲུག་གཉིས་པ་(the second Sino-Japanese war)དང་། རིག་གནས་གསར་བརྗེའི་དུས་ཟིང་ནང་དུ་ཁོའི་ཁྱིམ་ཚང་དང་། ཨ་མའི་མྱངས་པའི་དཀའ་སྡུག་རྣམས་ཞིབ་པར་འགྲེལ་བརྗོད་དང་རྗེས་དྲན་བྱས་ཡོད་འདུག
ད་ལྟ་ལྟ་ཀློག་མི་ཐུབ་པའི་རྩོམ་ཡིག་དེའི་ནང་། ཨུན་ཇའོ་བྷོ་ཡིས་“ངའི་སེམས་སུ་རྒྱ་ནག་དྲང་བདེན་གྱིས་ཁེངས་པའི་རྒྱལ་ཁབ་ཅིག་ཡིན་དགོས་པ་དང་། རྟག་ཏུ་མི་མང་གི་མངོན་འདོད་དང་། འགྲོ་བ་མིའི་རིན་ཐང་། རང་བཞིན་བཅས་ལ་གུས་བཀུར་བྱེད་དགོས་”ཞེས་བྲིས་པ་ལས། དངོས་སུ་རྒྱ་ནག་གི་ད་ལྟའི་ཆབ་སྲིད་ཀྱི་ཁོར་ཡུག་སྐོར་ལ་གླེང་སློང་བྱས་ཡོད་མི་འདུག
ཡིན་ན་ཡང་། རྒྱ་ནག་ཉམས་ཞིབ་པ་ཚོས་སྲིད་བློན་ཟུར་པའི་སྐད་ཆ་དེས་ཤུགས་སུ་ཞི་ཅིན་ཕིང་གི་ཆབ་སྲིད་སྐྱོང་སྟངས་ལ་སྐྱོན་བརྗོད་བྱས་པ་ཞིག་ཡིན་པའི་འགྲེལ་བརྗོད་བྱས་འདུག་པ་མ་ཟད། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཆེ་ཁག་ནས་རྒྱ་ནག་གཞུང་གིས་སྲིད་བློན་ཟུར་པའི་རྩོམ་ཡིག་ཅིག་བཀག་སྡོམ་བྱས་པའི་གནས་ཚུལ་དེ་དོ་སྣང་ཆེན་པོས་གླེང་སློང་དང་བརྒྱུད་སྤེལ་བྱས་འདུག
ཁར་ལི་བྷོ་ནི་ཡའི་སློབ་གྲྭ་ཆེན་མོ་(The University of California)ཡི་ཉམས་ཞིབ་པ་ཤིའོ་ཁྲོན་(Xiao Qiang)ཡིས། ཨུན་ཇའོ་བྷོ་ལྟ་བུའི་མི་སྣ་མཐོན་པོ་ཞིག་གི་རྩོམ་ཡིག་བཀག་སྡོམ་བྱེད་པ་ལ་རྒྱ་ནག་གཞུང་གི་འགོ་ཁྲིད་མཐོ་ཤོས་ཚོའི་གྲོས་མོལ་ཆོག་དང་མཆན་ཡོང་དགོས་པ་དང་། གནད་དོན་དེས་དམར་ཤོག་ཚོགས་པས་ཞི་ཅིན་ཕིང་གི་སྣང་བརྙན་ལ་ཅི་འདྲའི་སེམས་ཚབ་ཆེན་པོ་བྱེད་ཀྱིན་ཡོད་པ་སྟོན་གྱི་ཡོད་ཅེས་བཤད་འདུག
ཨུན་ཇའོ་བྷོ་ཡིས་ཕྱི་ལོ་ ༢༠༠༣ ནས་ ༢༠༠༡༣ བར་གྱི་ལོ་ངོ་བཅུའི་རིང་རྒྱ་ནག་གི་སྲིད་བློན་བྱས་པ་དང་། རྒྱལ་སྤྱིའི་བརྒྱུད་ལམ་ཁག་གིས་ཁོང་རང་རྒྱ་ནག་གི་འགོ་ཁྲིད་ཚོའི་ཁྲོད་ནས་“ལྟོས་བཅས་ཀྱིས་གུ་ཡངས་ཀྱི་བསམ་བློ་དང་། བཅོས་སྒྱུར་གྱི་ལྟ་བ་ཡོད་མཁན་ཞིག་ཡིན་”པའི་འགྲེལ་བརྗོད་བྱས་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།