རྒྱ་ནག་“འཛམ་གླིང་གི་དགྲ་བོ་”རུ་ཞི་ཅིན་ཕིང་གིས་བསྒྱུར་བ་རེད་ཟེར།
རྒྱ་ནག་དམར་ཤོག་ཚོགས་པའི་སློབ་གྲྭ་ཆེན་མོའི་(Central Party School) སློབ་དཔོན་ཟུར་པ་ཞིག་གིས་ཞི་ཅིན་ཕིང་ལ་སྐྱོན་བརྗོད་སྔར་གཏན་ནས་བྱུང་མྱོང་མེད་པ་ཞིག་བྱས་པའི་ནང་། ཁོ་“ཇག་ཚོགས་ཀྱི་འགོ་གཙོ་”ཡིན་པ་དང་། ཁོས་“རྒྱལ་ཁབ་རྩ་མེད་གཏོང་”བཞིན་ཡོད་ཅེས་བཤད་འདུག
དམར་ཤོག་ཚོགས་པའི་ཆབ་སྲིད་སློབ་གྲྭ་ཆེན་མོ་དེའི་ནང་སློབ་ཁྲིད་བྱེད་མྱོང་བའི་སློབ་དཔོན་ཟུར་པ་སཱ་ཤི་(Cai Xia) བདུན་འདིའི་རེས་གཟའ་ཟླ་བའི་ཉིན་དམར་ཤོག་ཚོགས་པ་ནས་ཕྱིར་ཕུད་བཏང་འདུག་ཅིང་། དེའི་རྒྱུ་མཚན་ནི་ཟླ་སྔོན་མར་མོས་ཞི་ཅིན་ཕིང་ལ་སྐྱོན་བརྗོད་བྱས་པའི་སྒྲ་འཇུག་ཅིག་དྲྭ་ལམ་དུ་ཁྱབ་པས་ཡིན་འདུག་པ་དང་། མོ་ཕྱིར་ཕུད་བཏང་བའི་གསལ་བསྒྲགས་ནང་། མོས་“ཆབ་སྲིད་ཀྱི་གནད་དོན་ཚབས་ཆེན་ལྡན་པ་”དང་། “རྒྱལ་ཁབ་ཀྱི་མཚན་སྙན་ལ་གནོད་པའི་”སྐད་ཆ་བཤད་པ་སོགས་ཀྱི་སྐོར་འཁོད་ཡོད་འདུག
སློབ་དཔོན་ཟུར་བ་སཱ་ཤི་ཕྱིར་འཕུད་བཏང་བའི་རྗེས། དབྱིན་ཇིའི་གསར་ཁང་ཞིག་གིས་མོ་ལ་བཅར་འདྲི་ཞིག་བྱས་པའི་ནང་། མོས་རང་ཉིད་“ཕྱིར་འཕུད་བཏང་བ་དེར་དགའ་པོ་བྱུང་”ཞེས་བཤད་འདུག
རེས་གཟའ་མིག་དམར་ཉིན་བྱས་པའི་བཅར་འདྲི་དེའི་ནང་། མོས་“ཞི་ཅིན་ཕིང་གི་སྲིད་གཞུང་འོག རྒྱ་ནག་དམར་ཤོག་ཚོགས་པ་རྒྱ་ནག་ཡར་རྒྱས་གཏོང་བྱེད་ཀྱི་སྟོབས་ཤུགས་ཤིག་མ་རེད། དོན་དངོས་ཐོག དེ་རྒྱ་ནག་གི་ཡར་རྒྱས་འགོག་བྱེད་ཀྱི་བཀག་རྡོར་གྱུར་ཡོད། ངས་ཚོགས་པ་འདི་ལས་མར་དོན་འདོད་ཡོད་མཁན་ང་གཅིག་པུ་མ་ཡིན་པའི་ཡིད་ཆེས་བྱེད་ཀྱི་ཡོད། མི་མང་པོ་ཞིག་གིས་ཚོགས་པ་འདི་ནས་ཕྱིར་འཐེན་བྱེད་འདོད་ཡོད་”ཅེས་བརྗོད་པའི་ཐོག དམར་ཤོག་ཚོགས་པའི་ནང་སྐད་ཆ་ཤོད་ས་དང་བསམ་ཚུལ་འདོན་ས་མེད་པར་གྱུར་བས། མོ་ལ་ལོ་འགའི་སྔོན་ནས་ཕྱིར་འཐེན་བྱེད་འདོད་ཀྱི་བསམ་པ་ཡོད་སྐོར་བསྣན་འདུག
སྔོན་ཆད་གོ་གནས་དང་ཤུགས་རྐྱེན་ཆེན་པོ་ལྡན་པའི་མི་སྣ་ཞིག་གི་སྐད་ཆ་དེ་ནི་ཧ་ལས་པ་ཞིག་དང་། སྲིད་འཛིན་ཞི་ཅིན་ཕིང་གི་གོ་གནས་ལ་ཉེན་ཁ་སློང་བྱེད་ཀྱི་ནུས་པ་ལྡན་པ་ཞིག་ཡིན་འདུག་ཅིང་། ད་ལྟའི་ཆར་སློབ་དཔོན་སཱ་ཤི་ཞི་ཅིན་ཕིང་ལ་སྐྱོན་བརྗོད་བྱས་ནས་ཉེས་ཆད་ཕོག་པའི་རྒྱ་ནག་གི་ཤེས་ལྡན་མི་སྣ་གསར་ཤོས་དེ་ཆགས་ཡོད་འདུག
དེ་སྔོན་ཕྱི་ཟླ་བདུན་པའི་ནང་མོའི་སྒྲ་འཇུག་དེ་དྲ་ཐོག་ཏུ་ཐོག་མར་ཁྱབ་པའི་སྐབས། དབྱིན་ཇིའི་གསར་ཁང་དེས་མོ་ལ་འཕྲལ་དུ་བཅར་འདྲི་ཞིག་བྱས་པའི་ནང་། མོས་ཞི་ཅིན་ཕིང་གིས་རྒྱ་ནག་“འཛམ་གླིང་གི་དགྲ་བོ་”རུ་བསྒྱུར་བ་རེད་ཅེས་བཤད་དེ་སྔར་བས་ཀྱང་ཆེ་བའི་སྐྱོན་བརྗོད་བྱས་པ་དང་། སྐད་ཆ་དེས་ནང་ལོགས་ནས་དགག་པ་དང་སྐྱོན་བརྗོད་ཉུང་བའི་དམར་ཤོག་ཚོགས་པ་དང་རྒྱ་ནག་ཡོངས་ལ་གཡོ་འགུལ་ཆེན་པོ་ཐེབས་རྒྱུ་ཡིན་འདུག
གཞན་ཡང་། མོས་དམར་ཤོག་ཚོགས་པའི་ནང་དུ་ཞི་ཅིན་ཕིང་གི་བྱེད་སྟངས་ལ་མི་དགའ་མཁན་མང་པོ་ཞིག་ཡོད་ཀྱང་། ཁོའི་དབང་ཆ་ལ་སྐྲག་ནས་དངོས་སུ་སྐྱོན་བརྗོད་དང་དགག་པ་རྒྱག་ཕོད་མཁན་ཉུང་བ་དང་། འཇིགས་སྣང་གི་ཁོར་ཡུག་འདིའི་ནང་། ཞི་ཅིན་ཕིང་གི་ཚད་དང་མཚམས་མེད་པའི་དབང་ཤུགས་ཀྱིས་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཀྱི་ཉེས་འཛོལ་ལྟ་བུའི་ནོར་འཁྲུལ་ཚབས་ཆེན་འཆོར་རྒྱུ་ནི་ལྡོག་ཏུ་མེད་པ་ཞིག་ཡིན་སྐོར་ཡང་བརྗོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།