ཞི་ཅིན་ཕིང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་མིར་འདོན་འཆར།
རྒྱ་ནག་གི་ཤེས་ཡོན་པ་དང་ཁྲིམས་རྩོད་པ་ཁག་ཅིག་གིས། སྲིད་འཛིན་ཞི་ཅིན་ཕིང་ཕྱི་ལོ་༢༠༡༦ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་མིར་མིང་འདོན་བྱེད་འཆར་ཡོད་འདུག
བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། འཆར་གཞི་དེ་ཁང་བཟོ་རིག་པའི་སློབ་དཔོན་ཕིང་གིས་ཕྱི་ལོ་༢༠༡༥ ལོའི་ཕྱི་ཟླ་༡༢ ཚེས་༢༧ ཉིན་གསལ་བསྒྲགས་བྱས་ཡོད་པ་དང། སྐབས་དེར་ཁོང་གིས་སྲིད་འཛིན་ཞི་དང་ཐའེ་ཝན་གྱི་སྲིད་འཛིན་མཱ་ཐུག་འཕྲད་བྱས་པ། དམག་མི་འབུམ་གསུམ་ཉུང་དུ་བཏང་བ། དེ་བཞིན་ཐའེ་ཝན་དང་ཚོང་འབྲེལ་གྱི་གན་རྒྱ་མི་འདྲ་བ་༢༣ བཞག་པ་སོགས་བྱས་ཏེ། རྒྱལ་སྤྱི་དང་ཨེ་ཤི་ཡའི་ཁུལ་གྱི་ཞི་བདེ་ལྷིང་འཇགས་ལ་མིག་དཔེ་ཡག་ཤོས་བསྟན་ཡོད་པས། སྲིད་འཛིན་ཞི་དང་མཱ་གཉིས་ཀ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་ཆོས་ལྡན་ཡོད་སྐོར་བརྗོད་ཡོད་འདུག
ནོ་སྦེལ་ལྷན་ཚོགས་ཀྱི་སྒྲིག་གཞི་ལྟར་ན། རྒྱལ་ཁབ་གཅིག་གི་གྲོས་ཚོགས་འཐུས་མི། གཞུང་གི་གཙུག་ལག་སློབ་གྲྭའི་འགོ་འཛིན། སྤྱི་ཚོགས་ཚན་རིག་དང་རྒྱལ་རབས། ཁྲིམས། ལྟ་གྲུབ་རིག་གནས་སོགས་ཀྱི་སློབ་དཔོན། དེ་བཞིན་ཞི་བདེའི་ཚོགས་པ་ཁག་གི་འགན་འཛིན་སོགས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་མི་མིང་འདོན་བྱེད་ཆོག་གི་ཡོད་པས། སྲིད་འཛིན་ཞི་འོས་མིར་འདོན་མཁན་བརྒྱད་ལས། གཙུག་ལག་སློབ་གྲྭའི་འགན་འཛིན་དང་རྒྱ་ནག་གི་འཛམ་གླིང་ཞི་བདེའི་ཚོགས་པའི་འགན་འཛིན་ཟུར་པ་སོགས་ཡོད་པས། ཁོང་ཚོར་འོས་མི་འདོན་མཁན་གྱི་ཆ་རྐྱེན་ཚང་གི་ཡོད་འདུག
སྲིད་འཛིན་ཞི་ཅིན་ཕིང་གིས་རྒྱ་ནག་ནང་ལྐོག་ཟ་རུལ་སུངས་རྩ་མེད་བཟོ་བའི་ལས་འགུལ་རྒྱ་ཆེན་པོ་སྤེལ་ཡོད་ཀྱང། ཆབ་སྲིད་དཔྱད་བརྗོད་པ་ཁག་ཅིག་གིས་དེ་ནི་དབང་ཆའི་འཐབ་རྩོད་ཡིན་པར་ངོས་འཛིན་དང། དེ་བཞིན་རྒྱ་ནག་གི་དམག་མི་ཉུང་དུ་བཏང་བ་དེ་ཡང། ད་ཡོད་ཀྱི་དམག་མིའི་མཚོན་ཆ་ཡག་ཏུ་གཏོང་ཆེད་ཀྱི་འགྲོ་སོང་ཆེད་ཡིན་པ་ངོས་འཛིན་བྱེད་ཀྱི་འདུག
དེ་བཞིན་ཕྱི་ལོ་༢༠༡༠ ལོར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་སྐུ་ཞབས་ལེའུ་ཞའོ་པོ་གཙོས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་དང་ཁྲིམས་རྩོད་པ་མང་པོ་ཞིག་བཙོན་ལ་བཅུག་ཡོད་པ་མ་ཟད། ཁོང་གིས་སྲིད་དབང་འཛིན་བཞིན་པའི་སྐབས་སུ་ཡང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་དང་ཁྲིམས་རྩོད་པ་མང་པོ་ཞིག་ལ་བཙོན་འཇུག་དང་གཞུང་ལ་ངོ་རྒོལ་བྱེད་མཁན་མི་མང་ལ་དྲག་གནོན་ཡང་བཏང་ཡོད་པ་རེད། དེར་བརྟེན་རྒྱ་ནག་མང་གཙོ་དོན་གཉེར་བ་མང་པོ་དང་རྒྱལ་སྤྱིའི་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ཚོས་ཁོང་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།