ཞི་ཅིན་ཕིང་ཡུ་རོབ་ཁུལ་དུ་ལྟ་སྐོར་དང་ཧྥ་རན་སི་དང་རྒྱ་ནག་བར་གྱི་འབྲེལ་ལམ།

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཡུ་རོབ་ཁུལ་དུ་ལྟ་སྐོར་ཡོང་ཡོད་འདུག་པ་དང་། ཐེངས་འདིའི་ལྟ་སྐོར་དེ་འདས་པའི་ལོ་ལྔའི་རྗེས་སུ་ཐེངས་དང་པོ་དེ་ཡིན་འདུག་ལ། ཡུ་རོབ་དང་རྒྱ་ནག་བར་གྱི་ཚོང་འབྲེལ་དཀའ་རྙོག་སེལ་ཆེད་དུ་ཡིན་འདུག 

ཕྱི་ཚེས་༤ ཉིན་རྒྱལ་སྤྱིའི་གསར་ཁང་ཁག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཡུ་རོབ་ཁུལ་དུ་གཟའ་ཉི་མའི་ཉིན་ལྟ་སྐོར་དུ་ཡོང་ཡོད་འདུག དེ་ཡང་ཐེངས་འདིའི་ལྟ་སྐོར་སྐབས་སུ་ཧྥ་རན་སི་དང་ཧང་གྷ་རི། སིར་བྷེ་ཡ་སོགས་ནང་འགྲོ་འཆར་ཡོད་འདུག་པ་དང་། ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་དང་རྒྱ་ནག་བར་ཚོང་དོན་ཐད་འགལ་ཟླ་འགོག་ཐབས་ཆེད་དུ་གྲོས་མོལ་བྱེད་རྒྱུ་ཡིན་འདུག འགལ་ཟླ་ཡོང་དགོས་དོན་ནི་རྒྱ་ནག་གིས་ཨུ་རུ་སུ་ལ་གོ་མཚོན་དང་དངོས་ཟོག་གི་རོགས་རམ་བྱེད་ཀྱི་ཡོད་པར་བརྟེན། དེའི་ཐད་ལ་རྒྱ་ནག་དང་ཡུ་རོབ་མཐུན་ཚོགས་གཉིས་བར་འགལ་ཟླ་ཡོང་གི་ཡོད་འདུག ཡུ་རོབ་ཀྱི་རྒྱལ་ཁབ་ཁག་གིས་རྒྱ་ནག་གིས་ཨུ་རུ་སུ་ལ་དཔལ་འབྱོར་རོགས་རམ་མུ་མཐུད་ནས་བྱེད་བཞིན་པར་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་ལ་དཔལ་འབྱོར་གྱི་ཉེས་ཆད་ཡང་གཅོད་ཀྱི་ཡོད་འདུག གཟའ་ཟླ་བའི་ཉིན་ཞི་ཅིན་ཕིང་ཧྥ་རན་སིའི་རྒྱལ་ས་ཡོང་རྒྱུ་ཡིན་འདུག་པ་དང་། སྐབས་དེ་དུས་ཧྥ་རན་སིའི་སྲིད་འཛིན་(Emmanuel Macron)མེ་ཁེ་རོན་དང་ཐུག་འཕྲད་བྱེད་འཆར་ཡོད་འདུག འཇར་མན་གྱི་ཕྱི་འབྲེལ་ཉམས་ཞིབ་ལྟེ་གནས་ཁང་གི་འགན་འཛིན་(Abigaël Vasseli)གྱིས་བརྗོད་དོན་ལ། རྒྱ་ནག་གཞུང་ལ་གང་དགོས་པ་དེ་གསལ་པོ་རེད། ཞི་ཅིན་ཕིང་གི་དམིགས་འབེན་གཙོ་བོ་ནི་ཡོང་རྒྱུའི་ཕྱི་ཟླ་༦ སྔོན་དུ་རྒྱ་ནག་ནས་བཟོས་པའི་གློག་གི་འཕྲུལ་འཁོར་རིགས་ལ་ཡུ་རོབ་གྱིས་ཉེས་ཆད་གཅོད་སྲིད་པ་དང་། གནད་དོན་དེ་ཡུ་རོབ་ནས་བཟོས་པའི་གློག་གི་འཕྲུལ་འཁོར་ཉོ་ཚོང་ཐད་རྒྱ་ནག་གིས་དྲང་པོ་བྱེད་ཀྱི་ཡོད་མེད་ལ་ཡུ་རོབ་ཀྱིས་ཞིབ་འཇུག་བྱེད་དུས་བྱུང་ཡོད་འདུག རྒྱ་ནག་གི་ངོས་ནས་ཡུ་རོབ་ཀྱི་ཚོང་འབྲེལ་ཐད་ལ་ཉེས་ཆད་མུ་མཐུད་ནས་གཅོད་རྒྱུ་ཁག་པོ་ཆགས་ཀྱི་ཡོད་པ་རེད་ཅེས་བརྗོད་འདུག དེ་བཞིན་ཐེངས་འདིར་ཡུ་རོབ་ནང་ཡོང་དུས་ཡུ་རོབ་མཐུན་ཚོགས་དང་ཧྥ་རན་སིའི་སྲིད་འཛིན་སོགས་ཀྱིས་ཡུན་རིང་ནས་རྗོད་ཀྱི་ཡོད་པའི་གནད་དོན་གལ་ཆེན་གཅིག་ནི། རྒྱ་ནག་གི་སྲིད་འཛིན་ངོས་ནས་ཨུ་རུ་སུའི་སྲིད་འཛིན་ལ་གནོན་ཤུགས་སྤྲད་ནས་ཡུག་རེན་ནང་གི་དམག་འཁྲུག་དེ་གང་མགྱོགས་མཚམས་འཇོག་ཡོང་ཐབས་བྱེད་རྒྱུ་དེ་ཡིན་འདུག དེ་བཞིན་རྒྱ་ནག་དང་ཡུ་རོབ་གཉིས་བར་དཀའ་ངལ་ཆེ་ཤོས་ཀྱི་གནས་དོན་གཅིག་ནི་ཚོང་འབྲེལ་ཐད་ཡིན་འདུག་པར་བརྟེན། ཡུ་རོབ་དང་རྒྱ་ནག་བར་ཨ་སྒོར་ཐེར་འབུམ་༣༢༣ ཙམ་གྱི་ཚོང་འབྲེལ་འགག་ཡོད་པ་དག་སེལ་ཐབས་ཆེད་དུ་ལྟ་སྐོར་ཡོང་ཡོད་འདུག ད་ཆར་ཡུ་རོབ་ཀྱིས་རྒྱ་ནག་གི་ཚོང་ཟོག་ལ་ཤུགས་ཆེན་པོ་བརྟེན་དགོས་ཀྱི་ཡོད་འདུག་ལ། དམིགས་བསལ་འཁོར་ཡུག་ལ་གནོད་འཚེ་ཉུང་བའི་ནུས་ཤུགས་ཐོན་ཁུངས་གློག་གི་འཕྲུལ་འཁོར་དང་། ཉི་གློག རླུང་འཁོར་སོགས་ཕོན་ཆེན་པོ་རྒྱ་ནག་ནས་ནང་འདྲེན་བྱེད་ཀྱི་ཡོད་འདུག རྒྱ་ནག་ནི་ད་ཆར་འཛམ་གླིང་ནང་འཁོར་ཡུག་ལ་གནོད་འཚེ་ཉུང་བའི་ནུས་ཤུགས་ཐོན་ཁུངས་ཀྱི་དངོས་ཟོག་བཟོ་མཁན་གཙོ་བོ་འགྱུར་བཞིན་ཡོད་འདུག ཧྥ་རན་སིའི་གསར་ཁང་ཞིག་གིས་ཧྥ་རན་སིའི་སྲིད་འཛིན་ལ་བཅར་འདྲི་བྱེད་དུས་སྲིད་འཛིན་གྱིས་བརྗོད་དོན་ལ། ཐེངས་འདིའི་རྒྱ་ནག་གི་སྲིད་འཛིན་དང་ཐུག་འཕྲད་སྐབས་སུ་ཚོང་འབྲེལ་གནད་དོན་སྐོར་དང་། གཞན་ཡུག་རེན་ནང་གི་དམག་འཁྲུག་དང་། བྱང་ཀོ་རི་ཡའི་འཇིགས་སྐུལ། གོ་ལའི་བདེ་འཇགས། དཀྱིལ་ཤར་ཡུལ་གྲུ་ཁུལ་གྱི་རྩོད་རྙོག་སོགས་རྒྱལ་སྤྱིའི་གནད་དོན་དུ་མའི་ཁྲོད་རྒྱ་ནག་ནི་མེད་དུ་མི་རུང་བ་ཆགས་ཡོད་པས་ཞི་ཅིན་ཕིང་དང་ལྷན་དུ་གོ་བསྡུར་བྱེད་རྒྱུ་ཡིན་པ་དང་། ཡུ་རོབ་མཐུན་ཚོགས་རྒྱ་ནག་ལས་རྒྱང་རིང་དུ་གཏོང་རྒྱུ་ངས་བསམ་ཚུལ་མིན། འོན་ཀྱང་། དེ་ལས་ཡུ་རོབ་མཐུན་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་རྒྱུ་དང་། རྒྱ་ནག་དང་ལྷན་དུ་འགལ་ཟླ་ཆུང་དུ་གཏོང་རྒྱུ་གལ་ཆེན་པོ་རེད་ཅེས་བརྗོད་འདུག འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པའི་(human Rights Watch)འགན་འཛིན་(Maya Wang)ནས་ཧྥ་རན་སིའི་སྲིད་འཛིན་གྱིས་ཞི་ཅིན་ཕིང་ལ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་དགོས་པ་དང་། དམིགས་བསལ་ཡུ་གུར་མི་རིགས་ཀྱི་གསར་འགོད་པ་མང་པོ་ཞིག་འཛིན་བཟུང་བཀག་ཉར་འོག་ཡོད་པ་དག་གློད་བཀྲོལ་དགོས་པའི་དགོས་འདུན་འདོན་དགོས་པ་སོགས་རྗོད་ཀྱི་ཡོད་འདུག

 རྒྱ་ནག་གཞུང་གི་བརྙན་འཕྲིན་(CGTN)ཟེར་བ་དེས་བརྗོད་དོན་ལ་ཧྥ་རན་སི་ནི་རྒྱ་ནག་གིས་ནུབ་ཕྱོགས་རྒྱལ་ཁབ་ཚོ་ལ་འབྲེལ་ལམ་འཛུགས་སའི་རྒྱལ་སྒོ་ལྟ་བུ་ཡིན་པས། ཧྥ་རན་སིའི་ངོས་ནས་རྒྱ་ནག་དང་ལྷན་དུ་འདས་པའི་ལོ་ངོས་༦༠ རིང་གི་འབྲེལ་ལམ་དེ་བཟང་པོ་ཞིག་མུ་མཐུད་ནས་གནས་ཐབས་སུ་མཉམ་རུབ་བྱེད་པའི་རེ་བ་ཡོད་ཅེས་བརྗོད་འདུག

གསར་འགོད་པ། བསོད་ནམས་ཕུན་ཚོགས།