ཞི་ཅིན་ཕེང་གིས་ཊོམ་ལ་ཐའེ་ཝན་གྱི་གནད་དོན་དང་འབྲེལ་བའི་ཉེན་བརྡ་བཏང་།


ཊོམ་ཨ་རིའི་ཕོ་བྲང་དཀར་པོའི་ནང་བསྐྱར་དུ་སླེབས་ཡོད་པར་བརྟེན། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེང་གིས་ཨ་རིའི་སྲིད་འཛིན་གསར་པ་ཊོམ་དང་ལྷན་དུ་ཁ་པར་བརྒྱུད་ནས་ཐའེ་ཝན་གྱི་གནད་དོན་དང་། ཚོང་འབྲེལ། མཉེན་ཆས་དང་(TikTok)  སྨན། དེ་བཞིན་ཚོང་འབྲེལ་སོགས་ཀྱི་གནད་དོན་གལ་ཆེན་འགའ་ཤས་དང་འབྲེལ་བའི་སྐོར་གླེང་སློང་བྱས་ཡོད་འདུག སྐབས་དེ་དུས་ཞི་ཅིན་ཕེང་གིས་ཨ་རིའི་གཞུང་གསར་པ་དང་རྒྱ་ནག་གཉིས་བར་ཐོག་མ་ནས་འབྲེལ་ལམ་ཡག་པོ་ཡོང་རྒྱུའི་རེ་བ་ཡོད་པར་བརྗོད་ཡོད་འདུག 

ཕྱི་ཚེས་༢༢ ཉིན་ཐའེ་ཝན་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་ཨ་རིའི་སྲིད་འཛིན་གསར་པ་ཊོམ་དང་ཞི་ཅིན་ཕེང་གཉིས་བར་ཁ་པར་བརྒྱུད་ནས་ཐའེ་ཝན་དང་། སྨན་དང་འབྲེལ་བའི་ཚོང་འབྲེལ་སོགས་ཀྱི་གནད་དོན་འགའ་ཤས་སྐོར་བཀའ་མོལ་བྱུང་ཡོད་འདུག་ཅིང་། སྐབས་དེ་དུས་ཞི་ཅིན་ཕེང་གིས་ཊོམ་ལ་འཚམས་འདྲི་དང་ལྷན་དུ་མ་འོངས་པར་ཨ་རྒྱ་གཉིས་བར་འབྲེལ་ལམ་བཟང་པོ་ཞིག་གི་ཐོག་ནས་འགོ་འཛུགས་བྱེད་རྒྱུའི་རེ་བ་ཡོད་པར་བརྗོད་ཡོད་འདུག འོན་ཀྱང་། ཊོམ་གྱིས་དེ་སྔོན་ཨ་རིའི་ངོས་ནས་རྒྱ་ནག་ནས་དངོས་ཟོག་ནང་འདྲེན་བྱས་པ་རྣམས་ལ་ཁྲལ་བརྒྱ་ཆ་༦༠ འགེལ་རྒྱུ་ཡིན་པར་བརྗོད་ཡོད། དེ་བཞིན་ཞི་ཅིན་ཕེང་གིས་ཨ་རི་དང་རྒྱ་ནག་གཉིས་བར་མ་འོངས་པའི་འབྲེལ་ལམ་ཡར་རྒྱས་གཏོང་ཕྱོགས་ཐད་རྒྱ་ནག་ལ་འདོད་པ་ཆེན་པོ་ཡོད་ཚུལ་དང་། ཨ་རི་དང་རྒྱ་ནག་གཉིས་བར་འབྲེལ་ལམ་ཡག་པོ་ཞིག་བྱུང་ན་ཕྱོགས་གཉིས་ཀར་ཁེ་ཕན་ཆེན་པོ་ཡོད་ཚུལ་སོགས་ཀྱི་སྐད་ཆ་བཤད་ཡོད་པ་རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་ནས་བརྗོད་ཡོད་འདུག ཊོམ་གྱིས་དེ་བཞིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེང་དང་སྐད་ཆ་བཤད་ཡོད་ཚུལ་དང་། གོང་གསལ་གནད་དོན་དེ་དག་གི་སྐོར་གླེང་མོལ་བྱས་ཡོད་པར་བརྗོད་འདུག མ་འོངས་པར་ཞི་ཅིན་ཕེང་དང་ཊོམ་ཁོང་གཉིས་ཀྱིས་མཉམ་རུབ་ཐོག་ནས་འཛམ་གླིང་ནང་ཞི་བདེ་དང་བདེ་འཇགས་ལྡན་པའི་དུས་ཚོད་ཅིག་ཡོང་ཐབས་དུ་འབད་རྩོན་བྱེད་རྒྱུ་ཡིན་པའི་སྐད་ཆ་བྱུང་ཡོད་ཚུལ་སོགས་སྤྱི་ཚོགས་དྲྭ་ལམ་ཐོག་བཀོད་ཡོད་འདུག 

སྲིད་དོན་དཔྱད་བརྗོད་པ་ཚོས་ཊོམ་གྱི་སྲིད་འཛིན་དུས་ཡུན་གཉིས་པ་འགོ་འཛུགས་དུས་དེ་སྔོན་དང་མི་འདྲ་བར་ཨ་རྒྱ་ཕྱོགས་གཉིས་བར་བཟང་ཕྱོགས་ཀྱི་འབྲེལ་ལམ་ཞིག་འགོ་འཛུགས་བྱེད་བཞིན་ཡོད་པ་དང་། དེ་སྔོན་ཇོ་བྷ་ཌན་གཞུང་གིས་(TikTok)མཉེན་ཆས་བཀག་ཡོད་འདུག་ཀྱང་། ཊོམ་གྱིས་གནས་སྐབས་ཉིན་༩༠ རིང་ཕྱིར་འགྱངས་བྱས་ཡོད་ཅིང་། མཉེན་ཆས་དེ་ཡིས་ཊོམ་གྱི་འོས་བསྡུའི་དྲིལ་བསྒྲགས་སྐབས་སུ་ཕན་ཐོགས་བྱུང་ཡོད་པ་སོགས་སྲིད་དོན་དཔྱད་བརྗོད་པ་དག་གིས་རྗོད་ཀྱི་ཡོད་འདུག 

ཕྱོགས་གཞན་ཞིག་ནི་ཊོམ་སྲིད་གཞུང་གི་ཕྱི་འབྲེལ་དྲུང་ཆེ་(Marco Rubio)མར་ཁོའོ་རུ་བྷིའོ་ཡིིན་པ་དང་། ཁོང་ནི་རྒྱ་ནག་ཐོག་ལྟ་བ་ཧ་ཅང་མཁྲེགས་པོ་འཛིན་མཁན་གྱི་འགོ་ཁྲིད་ཅིག་ཡིན་ཞིང་། ཁོང་གིས་དུས་རྒྱུན་ནས་རྒྱ་ནག་ནི་ཨ་རིའི་དགྲ་བོ་དང་ཉེན་ཁ་ཆེ་ཤོས་ཀྱི་རྒྱལ་ཁབ་གཅིག་ཡིན་པར་རྗོད་ཀྱི་ཡོད་འདུག (Marco Rubio)ཁོང་ལྟ་བུར་མཚོན་ན་ཁུའུ་བྷའི་མི་རིགས་ཡིན་འདུག་ཅིང་། ཨ་རིའི་ནང་སྐྱབས་བཅོལ་དུ་ཡོང་བ་ཞིག་ཡིན་འདུག ཁུའུ་བྷའི་ནང་དམར་ཤོག་གིས་རྐྱེན་པའི་ཁོང་ཚོའི་མི་རིགས་ནི་དཀའ་སྡུག་ཆེན་པོ་འཕྲད་མྱོང་མཁན་ཞིག་ཡིན་པར་བརྟེན། དམར་ཤོག་གི་ལྟ་བ་དང་དམར་པོའི་རིང་ལུགས་ལ་ཧ་ཅང་དགག་པ་རྒྱག་མཁན་ཞིག་དང་། འགྲོ་བ་མིའི་ཐོབ་ཐང་དང་རང་དབང་། དམངས་གཙོ་སོགས་ལ་ཧ་ཅང་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་པས་རྒྱ་ནག་ནང་རང་དབང་དང་དམངས་གཙོ་མེད་པའི་རྐྱེན་གྱིས་རྒྱ་ནག་ཐོག་ཧ་ཅང་ལྟ་བ་མཁྲེགས་པོ་འཛིན་མཁན་ཞིག་ཡིན་པར་རྗོད་ཀྱི་འདུག 

ཊོམ་དང་ཞི་ཅིན་ཕེང་གཉིས་བར་ཐའེ་ཝན་དང་འབྲེལ་བའི་གནད་དོན་སྐོར་གྲོས་བསྡུར་བྱུང་ཡོད་འདུག་ཅིང་། སྐབས་དེ་དུས་ཞི་ཅིན་ཕེང་གིས་ཐའེ་ཝན་ནི་རྒྱ་ནག་གི་བདག་དབང་དང་འ

བྲེལ་བ་ཡོད་པར་བརྟེན། ཨ་རི་ཡིས་དེའི་ཐད་གནད་དོན་གླེང་སློང་བྱེད་དུས་གཟབ་གཟབ་བྱེད་དགོས་ཚུལ་དང་། ཨ་རྒྱ་གཉིས་བར་ཐའེ་ཝན་གྱི་གནད་དོན་ལ་བརྟེན་ནས་དམག་འཁྲུག་ནི་གདམ་ཀ་མཐའ་མ་དེ་བྱེད་མི་ཉེན་ཞེས་བརྗོད་ཡོད་འདུག ཊོམ་གྱིས་དེ་སྔོན་ཐའེ་ཝན་གྱིས་(semiconductor)ཡི་བཟོ་གྲྭ་མང་པོ་ཞིག་ཨ་རི་ནས་ཕྱིར་འཐེན་བྱས་པར་སྐྱོན་བརྗོད་བྱས་ཡོད་འདུག་ཀྱང་། ཉེ་ཆར་ཊོམ་གྱི་དམ་འབུལ་མཛད་སྒོའི་ཉིན་ཐའེ་ཝན་གྱི་གྲོས་ཚོགས་ཚོགས་གཙོ་(Han Kuo-yu)དང་། གཞན་སྐུ་ཚབ་མི་སྣ་ཁག་གཅིག་བཏང་ཡོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།