ཞི་བའི་གྲོས་མོལ་ལ་ངོས་ལེན་བྱས་མེད་པས་ཨ་རིས་ཨུ་རུ་སུ་ལ་སྒོ་ཁྲལ་བརྒྱ་ཆ་༥༠༠ འགེལ་དགོས་པར་བརྗོད་འདུག 

ཨུ་རུ་སུའི་སྲིད་འཛིན་པུ་ཌིན་གྱིས་ཡུག་རེན་ནང་དམག་འཁྲུག་མཚམས་འཇོག་ཡོང་ཐབས་ལ་ངོས་ལེན་བྱས་མེད་པར་བརྟེན། ཨ་རིའི་གྲོས་ཚོགས་འཐུས་མི་ཚོས་ཨུ་རུ་སུའི་སྣུམ་དང་རླངས་རྫས་སོགས་ཀྱི་དངོས་ཟོག་ཐོག་སྒོ་ཁྲལ་བརྒྱ་ཆ་༥༠༠ འགེལ་དགོས་པ་དང་། དེ་བཞིན་ཨུ་རུ་སུ་དང་ལྷན་དུ་རྒྱལ་ཁབ་སུས་ཚོང་འབྲེལ་བྱེད་ཀྱི་ཡོད་ཀྱང་། རྒྱལ་ཁབ་དེ་དག་ལ་སྒོ་ཁྲལ་འགེལ་དགོས་པ་ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཀས་རྗོད་བཞིན་ཡོད་འདུག 

ཕྱི་ཚེས་༢༦ ཉིན་རྒྱ་གར་གྱི་(Firstpost)གསར་ཁང་ནས་གནས་ཚུལ་སྤེལ་གསལ་ལྟར་ན། ཉེ་ཆར་ཨུ་རུ་སུའི་སྲིད་འཛིན་དང་དམག་སྤྱི་སོགས་མཐོ་རིམ་འགོ་ཁྲིད་རྣམས་ཚོགས་འདུ་ཞིག་ཚོགས་ཡོད་འདུག་པ་དང་། སྐབས་དེ་དུས་ཨུ་རུ་སུའི་སྲིད་འཛིན་གྱིས་ཡུག་རེན་ནང་དམག་འཁྲུག་དེ་མཚམས་འཇོག་བྱེད་རྒྱུ་མིན་པར་བརྗོད་ཡོད་འདུག་པར་བརྟེན། ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཀྱི་གྲོས་ཚོགས་འཐུས་མི་རྣམ་པས་ཨ་རིའི་གཞུང་གི་ངོས་ནས་ཨུ་རུ་སུ་དང་། ཨུ་རུ་སུའི་ཚོང་རོགས་རྒྱལ་ཁབ་རྣམས་ལ་སྒོ་ཁྲལ་འགེལ་དགོས་པའི་བསམ་ཚུལ་ཤུགས་ཆེན་རྗོད་བཞིན་ཡོད་འདུག དམིགས་བསལ་ཉེ་ཆར་གཟའ་ཉི་མའི་ཉིན་ཨུ་རུ་སུས་མི་མེད་གནམ་གྲུ་༣༥༧ ཙམ་བཏང་ནས་ཡུག་རེན་གྱི་རྒྱལ་སར་གཏོར་རྒོལ་ཚབས་ཆེན་བྱས་ཡོད་འདུག་པ་དང་། གཏོར་རྒོལ་དེའི་ཁྲོད་ཁྱོན་མི་༡༢ ཀྱི་ཚེ་སྲོག་ཤོར་ཡོད་འདུག་ཅིང་། མི་༣༠ རྨས་ཡོད་པའི་གནས་ཚུལ་ཐོན་འདུག འདས་པའི་དུས་ཡུན་རིང་པོ་ནས་ཨ་རིའི་སྲིད་འཛིན་ཊོམ་གྱིས་ཨུ་རུ་སུའི་སྲིད་འཛིན་པུ་ཌིན་ལ་བསྟུན་མཁས་རྐྱང་རྐྱང་བྱས་པ་ལས་དམག་འཁྲུག་མཚམས་འཇོག་གི་ཆེད་དུ་གནོན་ཤུགས་སྤྲོད་ཀྱི་མེད་པ་ཡོངས་གྲགས་སུ་རྗོད་ཀྱི་ཡོད། འོན་ཀྱང་། ཉེ་ཆར་ཨུ་རུ་སུས་ཡུག་རེན་གྱི་རྒྱལ་སར་གཏོར་རྒོལ་ཚབས་ཆེན་པོ་བྱས་པ་དེས། སྲིད་འཛིན་ཊོམ་གྱིས་པུ་ཌིན་གྱིས་ཡུག་རེན་གྱི་རྒྱལ་སར་གཏོར་རྒོལ་བྱས་པ་དེ་ལ་ཁོ་སྐྱིད་པོ་མ་བྱུང་བ་དང་།  ད་ཆར་ཡུག་རེན་ནང་དམག་འཁྲུག་མཚམས་འཇོག་ཡོང་ཐབས་སུ་གྲོས་མོལ་བྱེད་བཞིན་ཡོད་པའི་སྐབས་འདིར། གཏོར་རྒོལ་དེ་འདྲ་བྱས་ནས་མི་མང་པོ་བསད་འདུག་པས་པུ་ཌིན་ཁོ་སྨྱོན་པ་ཡིན་པ་དང་། ད་ཆར་ཁོས་ག་རེ་བྱེད་ཀྱི་ཡོད་རེད་ཅེས་བརྗོད་པའི་བརྙན་ཞིག་དྲྭ་ཐོག་ཏུ་མཐོང་རྒྱུ་འདུག གསར་འགོད་པ་ཞིག་གིས་ཊོམ་ལ་མ་འོངས་པར་ཨ་རིས་ག་རེ་བྱེད་འཆར་ཡོད་ཅེས་དྲིས་པར། མ་འོངས་པར་བལྟ་རྒྱུ་ཡིན་ཞེས་བརྗོད་འདུག གལ་སྲིད་ཨུ་རུ་སུ་དང་ཨུ་རུ་སུའི་རྡོ་སྣུམ་ཉོ་མཁན་རྒྱལ་ཁབ་གཞན་རྣམས་ལ་སྒོ་ཁྲལ་འགེལ་དགོས་པ་ཨ་རིའི་གྲོས་ཚོགས་འཐུས་མི་རྣམས་ནས་བརྗོད་པ་བཞིན། སྒོ་ཁྲལ་བཀལ་ཚེ་རྒྱ་གར་དང་རྒྱ་ནག་གཉིས་ལའང་སྒོ་ཁྲལ་ཕོན་ཆེན་འགེལ་རྒྱུའི་ཉེན་ཁ་ཡོད་འདུག རྒྱུ་མཚན་ནི་རྒྱ་གར་དང་རྒྱ་ནག་གཉིས་ཀྱིས་ཨུ་རུ་སུ་ནས་རྡོ་སྣུམ་དང་རླངས་རྫས་སོགས་ཕོན་ཆེན་པོ་ཉོ་བཞིན་ཡོད་འདུག་པ་དང་། 

ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཀའི་གྲོས་ཚོགས་འཐུས་མི་༥༠ ཡིས་མཚན་རྟགས་བཀོད་པའི་ཁྲིམས་འཆར་ཞིག་བཟོས་ཡོད་འདུག་པ་དང་། ཁྲིམས་འཆར་དེའི་མིང་ལ་(the Sanctioning Russia Act of 2025)ཕྱི་ལོ་༢༠༢༥ ལོའི་ཨུ་རུ་སུ་ལ་ཉེས་ཆད་ཀྱི་ཁྲིམས་འཆར་ཟེར་བ་ཞིག་ཡིན་འདུག ཁྲིམས་འཆར་དེ་ལ་སྲིད་དོན་ཚོགས་པ་གཉིས་ཀའི་འཐུས་མི་༥༠ ནས་༢༥ དམངས་གཙོ་ཚོགས་པ་དང་༢༥ སྤྱི་མཐུན་ཚོགས་པ་ནས་ཡིན་འདུག ཁྲིམས་འཆར་དེའི་ཁོངས་སུ་ཨུ་རུ་སུའི་སྲིད་འཛིན་དང་། དམག་སྤྱི། དམག་དཔོན། ཚོང་གཉེར་ཁང་ཆེ་ཁག་གི་བདག་པོ་སོགས་མི་སྒེར་གྱི་རྒྱུ་ནོར་རྣམས་ལ་སྒོ་ཁྲལ་འགེལ་རྒྱུ་ཡིན་འདུག 

དེ་རིང་ཇར་མན་གྱི་གསར་ཁང་(DW News)གསར་ཁང་ནས་གནས་ཚུལ་སྤེལ་གསལ་ལྟར་ན། ཇར་མན་གཞུང་གིས་ཡུག་རེན་ལ་ནུབ་ཕྱོགས་རྒྱལ་ཁབ་ཚོས་སྤྲད་པའི་ཐག་རིང་སྙོབ་ཐུབ་པའི་གོ་མཚོན་རྣམས་བེད་སྤྱོད་བྱེད་ཆོག་པ་དང་། ཨུ་རུ་སུའི་དམག་གི་རྟེན་གཞི་རྣམས་ལ་གཏོར་རྒོལ་བྱེད་ཆོག་པའི་ཆོག་མཆན་སྤྲད་ཡོད་པའི་གནས་ཚུལ་ཐོན་འདུག དོན་རྐྱེན་དེ་ལ་བརྟེན་ནས་མ་འོངས་པར་དམག་འཁྲུག་འདིའི་ཁ་ཕྱོགས་གཞན་ཞིག་ཏུ་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་ཡོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།