ཞི་རྒོལ་བ་བསྟན་པ་རྔ་བ་རྫོང་ཐོག་ཏུ་རྒྱ་གཞུང་གིས་འཛིན་བཟུང་།
ཟླ་འདིའི་ཚེས་ ༡༦ ཉིན་གུང་རྒྱབ་བོད་མི་ན་གཞོན་བསྟན་པས་ལག་ཏུ་བོད་ཀྱི་རྒྱལ་དར་དཀྱིལ་དུ་༸གོང་ས་མཆོག་གི་སྐུ་པར་ཡོད་པ་ཞིག་བཟུང་ནས། རྔ་བ་རྫོང་གི་དཔའ་བོའི་སྲང་ལམ་ནས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཡོད་པ་དང་། སྐབས་དེར་རྒྱ་ནག་ཉེན་རྟོག་པས་བཙན་ཁྲིད་བྱས་ཡོད་འདུག
རྨེའུ་དཀོན་རྒྱམ་གྱིས་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། བསྟན་པས་ངོ་རྒོལ་སྐབས་“༸རྒྱལ་བ་རིན་པོ་ཆེ་ཕྱིར་ཕ་ཡུལ་དུ་ཕེབས་འཇུག་དགོས།” “བོད་ལ་རང་དབང་དགོས།” སྐད་འབོད་བྱེད་བཞིན་ཁྲོམ་གཞུང་ནས་གོམ་བགྲོད་སྐར་མ་ལྔ་ཙམ་མ་འགོར་བར་རྒྱ་ནག་གི་ཉེན་རྟོག་པ་བཅུ་གྲངས་ཤིག་གིས་གཅར་རྡུང་གཏོང་ཞོར་བཙན་ཁྲིད་བྱས་ཡོད་པ་དང་། ད་ལྟ་ནང་མི་ཚོས་ཁོང་གང་དུ་བཙོན་འཇུག་བྱས་ཡོད་མེད་དང་གནས་སྟངས་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་འདུག
ཁོང་ནི་རྔ་བ་རྫོང་གི་རྨེའུ་རུ་མའི་རུ་ཆེན་ནས་ཡིན་པ་པ་དང་། ཕའི་མིང་ལ་བློ་ཆོས་དང་མའི་མིང་ལ་རྒྱལ་མོ། ད་ལྟ་ཁོང་གི་ལོ་༡༨ ཡིན་འདུག དེ་སྔོན་རྔ་བ་ཀིརྟི་དགོན་པར་གྲྭ་པ་བྱས་ཤིང་རྗེས་སུ་སྐྱ་སར་བབས་ཏེ་འབྲོག་པའི་འཚོ་བ་སྐྱོང་བཞིན་ཡོད་འདུག ཁོང་ནི་དུས་རྒྱུན་སྤྱི་སེམས་ཅན་ཞིག་ཡིན་པ་མ་ཟད། མི་མང་འདུ་འཛོམས་སར་འཇིགས་ཞུམ་མེད་པའི་སྒོ་ནས་བོད་དོན་གླེང་མཁན་ཞིག་ཡིན་པ་ཁོང་ལ་རྒྱུས་མངའ་ཡོད་མཁན་ཚོས་འགྲེལ་བརྗོད་བྱས་འདུག །
གསར་འགོད་པ་ཆོས་ཉིད་འོད་ཟེར