ཞིང་པ་ཞིག་དམག་དཔོན་ནས་སྲིད་འཛིན་དུ་གྱུར་པ།
ཞིང་པ་ཞིག་དམག་དཔོན་ནས་སྲིད་འཛིན་དུ་གྱུར་པ། ཨ་རིའི་རང་བཙན་ཉིན་མོ་བསུ།
སྤོ་ཆུང་ཚང་དོན་གྲུབ་ལྷ་དར་གྱིས་བསྒྱུར།
ཨ་རིའི་སྲིད་འཛིན་དང་པོ་འཇོར་ཇཱི་ཝ་ཤིང་ཊོན་ George Washington ནི། དབྱིན་ཇིས་མི་སེར་སྤེལ་ཡུལ་ཝེར་ཇཱི་ནི་ཡ་ Virginia མངའ་སྡེའི་ཝེ་སཱི་ཊི་མོར་ལན་ཌི་ Westmoreland རྫོང་གི་མཚོ་ཁུག་ཏུ་ཁྱིམ་གཞིས་ཀྱི་ནགས་ཚལ་འདེབས་འཛུགས་རྭ་བར་ཕྱི་ལོ་༡༧༣༢ ཟླ་༢ ཚེས་༢༢ ཉིན་ཡབ་ཨུ་གྷུ་སི་ཊོན་ཝ་ཤིང་ཊོན་ Augustine Washington དང། ཁོང་གི་སྐུ་ཟླ་གཉིས་པ་མེ་རཱི་བྷོལ་ཝ་ཤིང་ཊོན་ Mary Ball Washington གཉིས་ཀྱི་སྲས་ལ་སྐུ་འཁྲུངས་ཤིང། ཁོང་གཉིས་ཀྱི་བུ་ཕྲུག་དྲུག་པ་དེ་ཡིན། ཧྥེ་རེ་ཌེ་རེག་སི་བྷག་Fredericksburg དང་ཐག་ཉེ་བའི་ནགས་ཚལ་འདེབས་འཛུགས་རྭ་བའི་ཧྥེ་རིས་ཞིང་རྭར་བྱིས་དུས་ཀྱི་དུས་ཚོད་མང་པོ་བསྐྱལ་ཅིང། ལོ་ན་༡༡ ཐོག་ཡབ་ཚེ་ལས་འདས་རྗེས་ནགས་ཚལ་འདེབས་འཛུགས་རྭ་བ་འཛིན་སྐྱོང་ཆེད། ཨ་མར་རོགས་རམས་ཞུས་ནས་བཞུགས།
ཕྱི་ལོ་༡༧༩༩ ལོར་(འཇོར་ཇཱི་ཝ་ཤིང་ཊོན)འདས་གྲོངས་སུ་འགྲོ་སྐབས། ཁོང་ལ་དབང་བའི་བྲན་གཡོག་༣༠༠ ཙམ་ཡོད་ཀྱང། ཁོང་མ་གྲོངས་གོང་ནས་བྲན་གཡོག་ལམ་ལུགས་ལ་ངོ་རྒོལ་གནང་བ་མ་ཟད། ཞལ་ཆེམས་ནང་དུ་ཡང་བཟའ་ཟླ་གྲོངས་རྗེས་བྲན་གཡོག་རྣམས་ལ་རང་དབང་སྤྲད་དགོས་པའི་བཀའ་མངགས་མཛད་ཡོད། ཝ་ཤིང་ཊོན་གྱི་ཐོག་མའི་ཤེས་ཡོན་སྐོར་ཕྲན་བུ་ཞིབ་ཙམ་གླེང་དགོས་མོད། ཡིན་ནའང་འབྱོར་པ་ལྡན་པའི་ཁྱིམ་ཚང་གི་བུ་ཕྲུག་ལྟར། ཁོང་གི་དམིགས་བསལ་གྱི་སློབ་ཁྲིད་ནི། སྒེར་གྱི་སློབ་གྲྭར་འཛུལ་ཞུགས་དང། ནང་དུ་སྒེར་གྱི་དགེ་རྒན་ལ་བསྟེན་ནས་སློབ་ཁྲིད་ཞུས་ཏེ། ལོ་ན་བཅོ་ལྔའི་གཡས་གཡོན་ལ་ལམ་ལུགས་ཀྱི་ཐོག་ནས་སློབ་གཉེར་གྲུབ་པར་ངོས་འཛིན་བྱས། ལོ་ན་ཕྲ་བའི་ཝ་ཤིང་ཊོན་ཨང་རྩིས་ཐོག་བློ་རིག་རྣོ་བས། ས་གཤིས་ཞིབ་འཇུག་བདེ་བརླགས་བྱུང་ཞིང་། ས་གཤིས་ཞིབ་འཇུག་གི་ལས་རིགས་གཉེར་བ་དེས་ཝེར་ཇཱི་ནི་ཡའི་ས་སྟོང་ཐོག་ཏུ་ཁོང་ལ་རང་བདག་གི་ས་ཆ་འགོ་འཛུགས་པའི་མ་དངུལ་འདང་ངེས་བྱུང་།
ཝ་ཤིང་ཊོན་ཨ་རིའི་ཕྱི་ལ་ཐོན་པའི་འགྲུལ་བཞུད་གཅིག་པུ་དེ་ནི། ཁོང་གི་ཤ་ཉེ་རྒན་པ་ལཱོ་རན་སི་ Lawrence དང་མཉམ་ཕྱི་ལོ་༡༧༥༡ ལོར་བྷར་བྷ་ཌོསི་Barbados ལ་སོང་བ་དེ་ཡིན། ལཱོ་རན་སི་(༡༧༡༨ – ༡༧༥༢) ཁོ་རང་གློ་ནད་ཀྱིས་མནར་བཞིན་པ་དེ་ལས་གནམ་གཤིས་དྲོད་པོས་དྲག་སྐྱེད་ཡོང་བའི་རེ་བ་བྱས་ནས་བྷར་བྷ་ཌོ་ལ་བསྐྱོད་ཅིང་། དེར་འབྱོར་ནས་རིང་པོར་མ་སོང་བར་འཇོར་ཇཱི་ཝ་ཤིང་ཊོན་ལ་སཱི་མོལ་པོག་སི་ smallpox ཞེས་པའི་ཚ་བའི་འགོས་ནད་ཕོག་ཅིང་། ན་ཚ་དེ་ལས་མ་ཤི་གསོན་པོར་གནས་ཀྱང་དེས་གདོང་ལ་རྨ་རྗེས་ཡལ་མེད་དུ་གནས་དགོས་པ་བཟོས། ལཱོ་རན་སི་དབྱིན་ཡུལ་དུ་སློབ་སྦྱོང་བྱས་ཤིང། ཁོང་ནི་ཝ་ཤིང་ཊོན་གྱི་དགེ་རྒན་དང་། མཱ་འོན་ཊི་ཝར་ནོན Mount Vernon དུ་ཝེར་ཇཱི་ནིཡའི་ཨེ་ལེག་ཛཱན་ཌར་ Alexandria དང་ས་ཐག་ཉེ་བའི་པཱོ་ཊོ་མཱེག་གཙང་འགྲམ་Potomac River གྱི་ལཱོ་རན་སིའི་གཞིས་ཀ་ནས་དམིགས་བསལ་ཝ་ཤིང་ཊོན་ལ་རྒྱུ་ནོར་ཐོབ་པ་དང་། ཕྱི་ལོ་ ༧༥༢ ལོར་ལཱོ་རན་སི་ཚེ་ལས་འདས།
དེ་སྔོན་དམག་གི་ཉམས་མྱོང་མེད་པའི་ཝ་ཤིང་ཊོན་ཕྱི་ལོ་༡༧༥༢ ལོར་ཝེར་ཇཱི་ནི་ཡའི་ཡུལ་དམག་གི་དམག་དཔོན་དུ་བསྐོས། ཁོང་གིས་ཧྥ་རན་སི་དང་། ཨིན་ཌེ་ཡའི་གཡུལ་འཁྲུགས་ French and Indian War ཀྱི་དམག་འཐབ་མཐོང་མྱོང་ཡོད་པ་དང་། དེར་ཝེར་ཇཱི་ནི་ཡའི་ཡུལ་དམག་གི་དམག་དཔུང་ཚང་མ་ལ་ལས་འགན་སྤྲད་ཡོད་ཅིང་། ཕྱི་ལོ་༡༧༥༩ ལོར་ཝ་ཤིང་ཊོན་དམག་དཔོན་གྱི་གོ་གནས་ལས་དགོངས་པ་ཞུས་ཏེ། མཱ་འོན་ཊི་ཝར་ནོན་དུ་ཕྱིར་ལོགས་པ་དང་། ཝེར་ཇཱི་ནི་ཡ་གྲོང་སྡེ་ལྷན་ཁང་གི་གྲོས་ཚོགས་ལ་འོས་འདེམས་ཀྱིས་ཕྱི་ལོ ༡༧༧༤ བར་དེར་ཞབས་ཞུ་བསྒྲུབས།
ཕྱི་ལོ་༡༧༥༩ ལོའི་ཕྱི་ཟླ་དང་པོར་ཁོང་མཱར་ཐ་ཌན་ཌི་རི་ཇཱི་ཁཱ་སི་ཊིས་ Martha Dandridge Custis (༡༧༣༡ – ༡༨༠༢) དང་གཉེན་སྒྲིག་བྱས། མོ་རང་ནི་བཟའ་ཟླ་གྲོངས་ཟིན་པའི་ཡུགས་མོ་ཧ་ཅང་འབྱོར་ལྡན་ཞིག་ཡིན་པ་དང་། མོ་ལ་ཕྲུ་གུ་གཉིས་ཡོད་ཅིང་། ཝ་ཤིང་ཊོན་གྱིས་མོའི་ཕྲུ་གུ་གཉིས་ལ་གུས་བརྩེ་ལྡན་པའི་ཕ་ཡར་ཞིག་བྱས་ཏེ། མཱར་ཐ་དང་ཁོང་གཉིས་ལ་བུ་ཕྲུག་གཞན་མེད།
དེ་རྗེས་ཝ་ཤིང་ཊོན་གྱིས་མཱ་འོན་ཊི་ཝར་ནོན་དུ་ས་ཁང་ཞིང་རྭ་ལྔ་དང་བཅས་པ་ས་ཁྱོན་ཨེ་ཀར་༢༠༠༠ ནས་༨༠༠༠ བར་རྒྱུ་ནོར་རྒྱ་བསྐྱེད་དེ། གྲོ་དང་། མ་རྨོས་ལོ་ཏོག་གཙོས་འབྲུ་རིགས་སྣ་ཚོགས་སྐྱེ་འཚར། ཤིང་འབྲས་ཀྱི་ལྡུམ་རྭ་དང་། ཉ་འཛིན་རྭ་བ་བདག་གཉེར་བཅས་ལ་བརྟེན་འཕེལ་རྒྱས་ཕྱིན་ཏེ། ཁོང་ལོ་ཏོག་གསར་པ་ཚོད་བལྟ་དང་། ས་ཆ་བདག་གཅེས་བྱ་ཕྱོགས་ལ་དགའ་མོས་ཤུགས་ཆེན་བྱུང་ཡོད།
ཕྱི་ལོ་༡༧༦༠ ལོ་མཇུག་རྫོགས་རྗེས་མི་སེར་སྤེལ་ཡུལ་ཨ་རི་བ་རྣམས་ཀྱི་ཐོག་ལ་དབྱིན་ཇིས་བཙན་ཤེས་ཀྱིས་དཔྱ་ཁྲལ་སྤར་བཞིན་པའི་ཤུགས་རྐྱེན་ལས་ཝ་ཌིང་ཊོན་ལ་མྱོང་ཚོར་གསལ་པོ་བྱུང་ཞིང་། དེ་ནི་མི་སེར་སྤེལ་ཡུལ་རྣམས་དབྱིན་ཇིའི་འོག་ནས་རང་བཙན་བྱ་རྒྱུའི་བསྒྲགས་གཏམ་སྤེལ་བའི་གོ་རྟོགས་ཡག་ཤོས་དེ་ཡིན་པའི་ཡིད་ཆེས་སྐྱེས།
ཕྱི་ལོ་༡༧༧༤ ལོར་ཧྥི་ལ་ཌེལ་ཧྥི་ཡཱ་Philadelphia རུ་སྐོང་ཚོགས་བྱས་པའི་གླིང་ཆེན་གྱི་གྲོས་ཚོགས་ཐེངས་དང་པོར་སྐུ་ཚབ་ཏུ་བཅར་ཞིང་། གླིང་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པ་ཚོགས་རྗེས་ཨ་མེ་རི་ཁའི་གསར་བརྗེ་ American Revolution ཡི་མངོན་རྟགས་འགོ་ཚུགས་ཤིང་། ཝ་ཤིང་ཊོན་ལ་གླིང་ཆེན་གྱི་སྤྱི་ཁྱབ་དམག་སྤྱིའི་མིང་བཏགས། ཝ་ཤིང་ཊོན་གྱིས་དམག་ཇུས་མཁས་པ་ཞིག་ལས་ཀྱང་བཟང་བའི་དམག་དཔོན་ཞིག་བྱ་རྒྱུའི་ར་སྤྲོད་བྱས། ཁོང་གི་སྐྱེས་སྟོབས་ཀྱི་ནུས་པ་དམག་སའི་ཐོག་གི་དམག་ལ་མིན་ཀྱང་། མི་སེར་སྤེལ་ཡུལ་གྱི་དམག་དཔུང་གི་འཐབ་རྩོད་དང་མཉམ་དུ་ཁོང་གི་འཇོན་ཐང་མུ་མཐུད་གནས།
ཁོང་གི་དམག་དཔུང་ལ་སྦྱོང་བརྡར་ཞན་ཅིང་། ཁ་ལག་དང་། གོ་མཚོན། ད་དུང་དགོས་མཁོ་གཞན་འདང་ངེས་མེད་པར། དམག་མི་རྣམས་མཚམས་རེར་དགུན་དུས་ཁ་བའི་ཁྲོད་ལྷམ་མེད་པར་འགྲོ་དགོས་པ་ཡང་བྱུང་ཡོད། འོན་ཀྱང་དམག་དཔུང་མུ་མཐུད་གནས་པར་ཝ་ཤིང་ཊོན་གྱིས་ཁོང་ཚོར་ཁ་ཕྱོགས་དང་། སེམས་ཤུགས་བསྩལ་ཡོད།
དཀའ་ཚེགས་ཆེ་བའི་ལོ་ངོ་བརྒྱད་ཀྱི་དམག་འཁྲུགས་དེ་མཇུག་བསྒྲིལ་རྗེས། མི་སེར་སྤེལ་ཡུལ་གྱི་དམག་དཔུང་ལ་དམག་སྡེ་ཁ་ཤས་ནས་རྒྱལ་ཁ་ཐོབ་ཀྱང་། ཁོང་ཚོས་དབྱིན་ཇིར་ངོ་རྒོལ་དེ་འོས་འཚམས་ཀྱི་སྒོ་ནས་སོ་སོས་མཚམས་འཇོག་བྱས།
ཕྱི་ལོ་༡༧༨༡ ལོའི་ཟླ་༡༠ པར་མི་སེར་སྤེལ་ཡུལ་དང་མཉམ་སྦྲེལ་གྱིས་དབྱིན་ཇིའི་ཐོག་ཁ་གཏད་བཅའ་མཁན་ཧྥ་རན་སིའི་རོགས་རམས་དང་མཉམ་དུ་གླིང་ཆེན་གྱི་དམག་དཔུང་གིས་དམག་སྤྱི་ཆར་ལི་སི་ཁཱོན་ཝ་ལི་སིའི་Charles Cornwallis འོག་གི་དབྱིན་ཇིའི་དམག་དཔུང་ཡོཀ་ཊོན་Yorktown དང་། ཝིར་ཇཱི་ནི་ཡ་Virginia རུ་ཡོད་པ་རྣམས་འཇུ་བཟུང་ཕམ་ཉེས་ཐུབ་པ་བྱུང་། དམག་འཐབ་དེའི་ཤུགས་རྐྱེན་གྱིས་ཨ་རིའི་གསར་བརྗེའི་དམག་འཁྲུག་མཇུག་བསྒྲིལ་བ་དང་། ཝ་ཤིང་ཊོན་རྒྱལ་ཁབ་ཀྱི་དཔའ་བོ་རུ་གྱུར།
ཨ་རིའི་སྲིད་འཛིན་དང་པོ། ཕྱི་ལོ་༡༧༨༣ ལོར་དབྱིན་ཇི་དང་ཨ་རིའི་བར་དུ་ཞི་བའི་ཆིངས་ཡིག་ལ་མིང་རྟགས་བཀོད་རྗེས། ཝ་ཤིང་ཊོན་གྱིས་ད་ནས་ཁོ་རང་གི་ལས་འགན་གྲུབ་ཚར་བར་ཡིད་ཆེས་མཛད་དེ། དམག་སྤྱིའི་གོ་གནས་བཞག་ཅིང་། མཱ་འོན་ཊི་ཝར་ནོན་དུ་ཕྱིར་ལོགས་ཀྱིས་བསྐྱར་དུ་བཟང་སྤྱོད་ལྡན་པའི་ཞིང་པ་ཞིག་དང་། ནང་གི་ཕོ་ཁྱོ་ག་ཞིག་མུ་མཐུད་བྱ་རྒྱུའི་ཐོག་ལ་འདུན་པ་བཏད།
ཇི་ལྟར་ཡང་ཕྱི་ལོ་༡༧༨༧ ལོར་ཧྥི་ལ་ཌེལ་ཧྥི་ཡ་Philadelphia རུ་རྩ་ཁྲིམས་གཏན་འབེབས་དང་འབྲེལ་བའི་ལྷན་ཚོགས་ཐོག་མཉམ་ཞུགས་ཡོང་བའི་གདན་ཞུ་ཕུལ་བ་དང་། རྩ་ཁྲིམས་གསར་པ་ཟིན་བྲིས་ཚོགས་ཆུང་གི་དབུ་འཛིན་ལ་རེ་སྐུལ་ཞུས། དེར་ཁོང་གི་ཁྱད་དུ་འཕགས་པའི་དབུ་ཁྲིད་ཀྱིས་ཁོང་རྒྱལ་ཁབ་ཀྱི་སྲིད་འཛིན་དང་པོ་དེ་གནང་ཐུབ་པའི་མི་ཚད་ལྡན་ཤོས་དེ་ཡིན་པ་ཚོགས་བཅར་སྐུ་ཚབ་རྣམས་ལ་ཡིད་ཆེས་གདེངས་སྤོབས་སྤྲད། ཐོག་མར་ཝ་ཤིང་ཊོན་གྱིས་མོས་མཐུན་མ་གནང་བར། རང་ཁྱིམ་དུ་ཁུ་སིམ་པའི་མི་ཚེ་དེར་ཕྱིར་ལོགས་གནང་ཞིང་། རྒྱལ་ཁབ་གསར་པའི་སྲིད་གཞུང་དེ་གཞན་ལ་བཞག་ན་འདོད།
འོན་ཀྱང་མཐར་མི་མང་གི་བསམ་ཚུལ་ཧ་ཅང་ཤུགས་ཆེ་བས། དེར་ཁོང་གིས་མོས་མཐུན་བྱ་དགོས་བྱུང་སྟེ། ཕྱི་ལོ་༡༧༨༩ ཟླ་༡ ཚེས་༧ ཉིན་སྲིད་འཛིན་དང་པོའི་འོས་བསྡུ་བྱས་པར། ཝ་ཤིང་ཊོན་ལས་སླ་པོའི་ཐོག་ནས་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་པ་དང་། ཇཱོན་ཨེ་ཌམ་སི་John Adams (༡༧༣༥-༡༨༢༦) ལ་འོས་ཤོག་མང་ཤོས་ཨང་གཉིས་པ་དེ་ཐོབ་ཅིང་། རྒྱལ་ཁབ་ཀྱི་སྲིད་འཛིན་གཞོན་པ་དང་། དགུང་ལོ་༥༧ ལ་སོན་པའི་ཝ་ཤིང་ཊོན་གྱིས་ཕྱི་ལོ་༡༧༨༩ ཟླ་༤ ཚེས་༣༠ ཉིན་སྲིད་འཛིན་གྱི་ལས་འཁུར་དེ་ནིའུ་ཡོག་གྲོང་ཁྱེར་New York City དུ་དབུ་འཛུགས་གནང་། གང་ལགས་ཞེ་ན་མ་འོངས་པར་ཨ་རིའི་རྒྱལ་ས་ཡིན་པའི་ཝ་ཤིང་ཊོན་ཌི་སི་Washington, D.C.དེ་ད་དུང་ཡང་འཛུགས་སྐྲུན་ཚར་མེད་ཅིང་། ཁོང་ནིའུ་ཡོག་དང་ཧྥི་ལ་ཌེལ་ཧྥི་ཡ་གཉིས་ལ་བཞུགས་ཀྱི་ཡོད།
ཝ་ཤིང་ཊོན་གྱིས་ལས་ཁུངས་སྐྱོང་སྐབས་ཨ་རི་ནི་རྒྱལ་ཁབ་ཆུང་ཆུང་ཞིག་སྟེ། མངའ་སྡེ་བཅུ་གཅིག་དང་། མི་མང་ཧ་ལམ་ས་ཡ་བཞི་ཙམ་ཡོད་ཅིང་། སྲིད་འཛིན་གསར་པས་རྒྱལ་ནང་དང་། ཕྱི་རྒྱལ་གྱི་གནད་དོན་ཁག་ཇི་ལྟར་བཀོད་འདོམས་སྣེ་འཁྲིད་དགོས་པའི་མིག་དཔེ་ཙམ་ཡང་བལྟ་ས་མེད། ཁོང་གི་ལས་དོན་རྣམས་མ་འོངས་པའི་སྲིད་འཛིན་ཚོས་གཞུང་ཇི་ལྟར་སྐྱོང་དགོས་པའི་ཐག་གཅོད་ལྟ་བུར་འགྱུར་རྒྱུ་ཡིན་པས། རེ་བ་ཅན་དུ་གཟབ་ནན་དང་ཐག་གཅོད་བྱས་ཏེ། ཝ་ཤིང་ཊོན་གྱིས་ལས་ཀར་འབད་བརྩོན་ཆེན་པོས་བག་ལྷིང་དང་། ཆ་ཚང་བའི་རང་བཞིན་དུ་འོས་འཚམས་ལྡན་པའི་བཀོད་སྒྲིག་བྱས། ཕྱི་སྲིད་ཀྱི་གནད་དོན་ཐད་ཁོང་གིས་རྒྱལ་ཁབ་གཞན་དང་མཉམ་དུ་ལྷག་བསམ་བཅོས་མིན་གྱི་འབྲེལ་བ་ལ་རྒྱབ་སྐྱོར་བྱས་ཀྱང་། ཕྱི་སྲིད་ཀྱི་རྩོད་རྙོག་ནང་བར་གནས་ཀྱི་ལངས་ཕྱོགས་ལ་བདམ་ཁ་གནང་། རྒྱལ་ནང་གི་གནད་དོན་ཐད་ཇཱོན་ཇཱེ་ཡེ་John Jay ༼༡༧༤༥-༡༨༢༩༽ ཨ་རིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཁྲིམས་དཔོན་ཆེན་མོ་དང་པོའི་འོས་མིར་མིང་འདོན་བྱས་པ་དང་། རྒྱལ་ཁབ་ཀྱི་དངུལ་ཁང་ཐོག་མ་དེ་འཛུགས་པར་ཆོག་མཆན་མིང་རྟགས་བཀོད་ཅིང་། ཁོ་རང་གི་སྲིད་འཛིན་ལས་ཁུངས་བཙུགས།
ཁོང་གི་ཆེས་གལ་འགངས་ཆེ་བའི་བཀའ་ཤག་གི་མི་སྣ་གཉིས་བསྐོ་བཞག་བྱས་པ་ནི། ཕྱི་སྲིད་དྲུང་ཆེ་ཐཱོ་མ་སི་ཇཱེར་ཧྥར་སཱོན་Thomas Jefferson (1743-1826) དང་། ནོར་སྲིད་དྲུང་ཆེ་ཨེ་ལེག་སི་ཛཱན་ཌར་ཧཱ་མིལ་ཊོན་Alexander Hamilton(1755-1804) གཉིས་ཡིན་ཞིང་། ཁོང་གཉིས་ནི་སྤྱི་མཐུན་མཉམ་འབྲེལ་གྱི་སྲིད་གཞུང་ལམ་ལུགས་ལ་ཤུགས་ཆེན་པོས་མོས་མཐུན་མི་བྱེད་མཁན་ཡིན། ཧཱ་མིལ་ཊོན་གྱིས”ནུས་ཤུགས་ལྡན་པའི་དབུས་གཞུང”ཞིག་དགོས་པར་དགའ་མོས་བྱས་པ་དང་། ཇཱེར་ཧྥར་སཱོན་གྱིས་སྐབས་དེར་”མངའ་སྡེ་ལ་ཐོབ་ཐང་ཆེ་བ་དགོས་པའི་དགའ་མོས་བྱས། ཝ་ཤིང་ཊོན་གྱིས་བལྟ་ཕྱོགས་འདྲ་མིན་ནི། སྲིད་གཞུང་གསར་པ་ཚད་ལྡན་ཞིག་ཡོང་བར་དགོས་ངེས་ཅན་ཡིན་པའི་ཡིད་ཆེས་བྱེད་ཀྱང་། ཕྱོགས་ཁག་ཅན་གྱི་སོ་སོའི་ཞེན་པ་མངོན་དུ་གྱུར་པ་མཐོང་བས་དེར་ཁོང་སེམས་སྡུག་བྱུང་།
ཕྱི་ལོ་༡༧༩༦ ལོར་སྲིད་འཛིན་གྱི་ལས་དུས་ཐེངས་གཉིས་གྲུབ་པ་དང་། ལས་དུས་གསུམ་པར་ཞབས་ཞུ་བསྒྲུབ་རྒྱུར་མོས་མཐུན་མ་མཛད་པར་མཐར་བགྲེས་ཡོལ་ཞུས་ཏེ། ཁོང་ཕེབས་ཐོན་གྱི་གཏམ་བཤད་ནང་དུ་རྒྱལ་ཁབ་གསར་པས་རྒྱལ་ནང་གི་ཚད་གཞི་དེ་ཆེས་ཚད་མཐོ་ཤོས་སུ་བཟུང་སྟེ། ཕྱི་སྲིད་ཀྱི་ནུས་པ་ཚད་བཀག་ཅན་དུ་འབྲེལ་བ་ཉར་འཇོག་དགོས་པའི་འབོད་སྐུལ་གནང་། གཏམ་བཤད་དེ་ནི་ད་ལྟ་ཡང་ལོ་ལྟར་ཕྱི་ཟླ་གཉིས་པའི་ནང་ཨ་རིའི་གྲོས་ཚོགས་གོང་མའི་ནང་ཀློག་འདོན་གྱིས་ཝ་ཤིང་ཊོན་གྱི་འཁྲུངས་སྐར་སྲུང་བརྩི་ཞུ་ཡི་ཡོད།
ཝ་ཤིང་ཊོན་མཱ་འོན་ཊི་ཝར་ནོན་དུ་ཕྱིར་ལོག་སྟེ། དེ་སྔོན་སྲིད་འཛིན་མ་ཆགས་པའི་སྔ་རོལ་ལྟར། རྩི་ཤིང་ཐོན་སྐྱེད་ལ་བློ་གཅིག་སེམས་གཅིག་གིས་ཐུགས་སྣང་མཛད། མི་མང་ལ་ཞབས་ཞུ་མཛད་ནས་མི་ལོ་བཅུ་ཕྲག་བཞི་ལྷག་སོང་ནས་ལོ་རྒས་ཟིན་མོད། ཁོང་ནི་ད་དུང་ཡང་མིག་དཔེ་འོས་པའི་དཔོན་པོ་ཞིག་ཡིན།
ཕྱི་ལོ་༡༧༩༩ ཕྱི་ཟླ་༡༢ པར་ཆར་པའི་ཁྲོད་དུ་ཁང་ཁྱིམ་ལ་གཟིགས་ཞིབ་གནང་རྗེས་ཁོང་ལ་ཆམ་པ་ཞིག་ཕོག་པ་དང་། མཐར་འཆམ་པ་དེ་ཇེ་སྡུག་ཏུ་སོང་ནས་མིད་པ་བསྙུང་སྟེ། ཕྱི་ཟླ་༡༢ ཚེས་༢༤ དགོང་མོར་དགུང་གྲངས་༦༧ ཐོག་ཝ་ཤིང་ཊོན་དགོངས་པ་རྫོགས། ཁོང་གི་སྐུ་ཕུང་མཱ་འོན་ཊི་ཝར་ནོན་དུ་དུར་སྦས་ཞུས་ཅིང་། ཕྱི་ལོ་༡༩༦༠ ལོར་དེར་རྒྱལ་ཁབ་ཀྱི་ལོ་རྒྱུས་ལྡན་པའི་ས་ཆ་ཞིག་ཏུ་མཚན་བསྟོད་ཞུས།
རྒྱལ་རབས་ལོ་རྒྱུས་ནང་དུ་ཝ་ཤིང་ཊོན་གྱིས་ཨ་རི་བ་ཞིག་གིས་ནམ་ཡང་ནུབ་པ་མེད་པའི་ཤུལ་བཞག་འཇོག་གནང་མཛད་ཡོད། ཁོང་ནི་རྒྱལ་ཁབ་ཀྱི་ཡབ་ཆེན་དུ་ངོས་འཛིན་ཞུ་ཡི་ཡོད་པ་དང་། ཁོང་གི་ཞལ་རས་ཨ་སྒོར་གྱི་ཤོག་ངོས་དང་། ཊམ་ཀའི་ཐོག་ཏུ་མཐོང་རྒྱུ་ཡོད་ཅིང་། སློབ་གྲྭ་དང་། གྲོང་བརྡལ་བརྒྱ་ཕྲག་དུ་མ་དང་། དེ་བཞིན་རྒྱལ་ས་དང་བཅས་པར་ཁོང་གི་མཚན་བཏགས་ཡོད།སྒྱུར་བ་པོའི་མཆན། འདི་ནི་གུས་པའི་ཚོད་ལྟའི་སྒྱུར་རྩོམ་ཐོག་མ་དེ་ཡིན་ཞིང་། མ་རྩོམ་ལ་རྩོམ་བྱང་མེད་པར་བརྟེན། ༼ཞིང་པ་ཞིག་དམག་དཔོན་ནས་སྲིད་འཛིན་དུ་གྱུར་པ།༽ ཞེས་པ་རང་ཉིད་ཀྱིས་བཏགས་པས། འཚམས་པོ་བྱུང་མིན་ཆ་མི་འཚལ་ཡང་། འདི་ཉིད་སྒྱུར་འགོད་ཞུས་པ་ལ་བརྟེན་ནས་ང་ཚོ་གངས་ཅན་པར་བོད་རང་བཙན་གྱི་བདེན་དོན་རྩོད་པའི་སྙིང་སྟོབས་དང་། བདག་དབང་གི་གལ་གནད་མཐོང་བའི་ཤེས་རབ་སྐྱེ་ཞིང་། བོད་རང་བཙན་གྱི་ཉིན་མོ་དེ་མགྱོགས་པོར་ཤར་བར་མཛོད་ཅིག ཅེས་དེ་སྔོན་ཨ་རིའི་རང་བཙན་འཐབ་རྩོད་ཁྲོད། ཝ་ཤིང་ཊོན་གྱི་དམག་གྲུས་བརྒལ་མྱོང་བའི་ཧཱ་ཚཱོན་གཙང་པོ་ Hudson River དང་ཐག་ཉེ་བའི་ནིའུ་ཇེར་སི་ནས་སྤོ་ཆུང་ཚང་དོན་གྲུབ་ལྷ་དར་གྱིས་ཕྱི་ལོོ་༢༠༡༦ ཟླ ༥ ཚེས་༢༢ དགོང་མོར་།།