ཞིས་ཅིན་ཕེན་གཞུང་གིས་རྒྱལ་བ་རིན་པོ་ཆེར་འཛིན་པའི་སྲིད་བྱུས།
____ སྐུའི་འཁྲུངས་སྐར་ཉིན་དང་བསྟུན་ནས་མཁས་དབང་ཡོན་ཧོང་པེན་ལ་བཅར་འདྲི་ཞུས་པ།
ལྷ་སྡེ་གནམ་ལོ་ཡག
དྲི་བ། ཐོག་མར་སློབ་དཔོན་ཆེན་མོ་ཡོན་ཧོང་པེན་མཆོག་གིས་དཔེ་དེབ་རྩོམ་འབྲི་གནང་བཞིན་པའི་མཛད་བྲེལ་ཁྲོད་ནས་བཅར་འདྲི་དང་ལེན་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ། ཉིད་ཀྱིས་བོད་དོན་ཐད་བྲིས་པའི་བརྩམས་ཆོས་དང་རྩོམ་ཡིག་གང་མང་བོད་ཡིག་ནང་འགྱུར་ཡོད་པས། ཀློག་པ་པོ་མང་ཆེ་བས་ཁྱེད་རང་ནི“རྒྱ་ནག་ཆེན་པོའི་བསམ་བློའི་བཀག་རྒྱ”ལས་བརྒལ་ཟིན་པའི་མཁས་དབང་ཡན་གར་བ་ཞིག་ལ་ངོས་འཛིན་གནང་བཞིན་འདུག
ལན། བཀའ་དྲིན་ཆེ། ལོ་འགའི་ཡར་སྔོན་གྱི་ལྗི་ནི་ཝའི་རྒྱ་བོད་ཚོགས་འདུའི་སྟེང་དུ་ང་མ་གཏོགས་བོད་མི་རིགས་ཀྱི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་འཕྲོག་མི་ཆོག་ཟེར་མཁན་མི་འདུག དེ་བཞིན་ཐེ་ཝན་དུའང་ང་མ་གཏོགས་ཐེ་ཝན་སྤྱི་མཐུན་རྒྱལ་ཁབ་ལ་མིང་བསྒྱུར་གནང་དགོས་ཟེར་ཕོད་མཁན་ཉུང་ཉུང་རེད། མ་གཞི་བསྟུན་ཤེས་ནི་འགྲོ་སྟངས་ཤིག་རེད་དེ་གུང་ཁྲན་ཏང་གིས་དེ་ནི་ཁོང་ཚོས་བཀོལ་བའི་ཐབས་ལམ་ལ་རྒྱལ་ཁ་ཐོབ་ཀྱིན་པར་མཐོང་བཞིན་པས་བསྟུན་ཐལ་དྲགས་ན་གྱོང་གུད་ལས་མེད། འདི་ངེས་པར་དུ་ཤེས་དགོས་པ་ཞིག་ཡིན། ད་ངས་ཁྱོད་ཀྱི་དྲི་བར་ལན་རིམ་པས་རྒྱག་ཡོང་། གསལ་བཤད་དགོས་སར་དྲན་བསྐུལ་བྱོས་ཤོག་ཨ།
དྲི་བ། ལགས་སོ། ཉེ་སྔོན་ཞིས་ཅིན་ཕེན་གཞུང་གིས་རྒྱལ་བ་རིན་པོ་ཆེར་དམིགས་པའི་ནང་ཁུལ་ཚོགས་འདུ་ཞིག་བསྐོངས་འདུག་ཟེར་བ་དེར་རྒྱས་བཤད་ཅིག་གནང་རོགས།
ལན། ང་རང་ལ་འབྱོར་བའི་གནས་ཚུལ་ལྟར་ན། ཕྱི་ལོ་༢༠༡༦ ལོའི་ཟླ་༢ ནང་ཀྲུང་གུང་ནས་ཡོངས་གྲགས་མ་ཡིན་པའི་ལམ་ནས“བོད་ཀྱི་བྱ་བའི་ཚོགས་འདུ”ཟེར་བ་ཞིག་བསྐོངས་འདུག དེ་ནི་ཀྲུང་གུང་ཆབ་སྲིད་ཅུའུ་རྒྱས་འཛོམས་ཚོགས་འདུ་ཞིག་རེད། ཚོགས་འདུ་འདིའི་བརྗོད་གཞི་ནི་བོད་ཀྱི་བྱ་བའི་ཐོག་འཛིན་པའི་སྲིད་ཇུས་གསར་བའི་འཐབ་ཇུས་ཁ་ཕྱོགས་རེད། ཐེངས་འདིའི་ནང་ཁུལ་འཚོགས་འདུའི་སྟེང་ནས་བོད་ཀྱི་བྱ་བའི་ཁ་ཕྱོགས་ལ་འགྱུར་བཅོས་གསར་བ་ཞིག་བྱས་འདུག ཀྲུང་གུང་སྲིད་གཞུང་གི་བཤད་སྟངས་ལྟར་བྱས་ན། “ད་ནས་བཟུང་ཕྱི་ལོགས་ཀྱི་བཙན་བྱོལ་སྒྲིག་འཛུགས་དང་རྒྱལ་བ་རིན་པོ་ཆེ་ནི་ཀྲུང་གུང་སྲིད་དབང་གི་ཉེན་ཁ་ཆེ་ཤོས་དེ་མ་ཡིན་པ་དང་། བོད་ནང་གི་ཤེས་ཡོན་པ་དང་སེར་མོ་བའི་ཁྲོད་ཀྱི་བོད་རང་བཙན་གཉེར་མཁན་དང་རྗེས་འཇུག་མང་ཚོགས་བཅས་པའི་ཁ་བྲལ་བའི་སྟོབས་ཤུགས་ནི་ཁ་གཏད་དགྲ་བོ་ངོ་མ་དེ་ཡིན།” འདི་ནི་འགྱུར་བ་ཆེན་པོ་ཞིག་རེད། རྒྱུ་མཚན་ནི་སྔར་ཀྲུང་གུང་སྲིད་གཞུང་གིས་ད་ལྟའི་བཙན་བྱོལ་སྒྲིག་འཛུགས་དང་ཏཱ་ལའི་བླ་མ་མཆོག་ཁ་གཏད་གཙོ་བོར་ངོས་འཛིན་བྱས་ཡོད་མོད། ད་ཐེངས་ཁ་གཏད་ཡུལ་བོད་ནང་ལ་ངོས་འཛིན་བྱས་འདུག
དེ་བཞིན་དུ་ཚོགས་ཐོག་དེར་ད་དུང་བོད་ནང་གི་སྐྱ་སེར་ཤེས་ཡོན་པའི་སྟོབས་ཤུགས་ཁྲོད་དུ“བོད་རང་བཙན”གྱི་བསམ་བློ་ཡོད་མཁན་མང་ཆེ་བ་ལོ་གཞོན་དག་ཡིན་པ་དང། སློབ་གྲྭ་བའི་ཁྲོད་ནས་མཐོ་འབྲིང་སློབ་མའང་དེའི་ཁྲོད་དུ་ཚུད་ཡོད་ཚུལ་དང་། ཉེ་བའི་ཆར་བོད་ནང་བསྟུད་མར་བྱུང་གིན་པའི་རང་སྲེག་ཀྱང་མང་ཚོགས་ནང་བྱུང་བའི་རང་འགུལ་བྱ་སྤྱོད་ཅིག་ལས་གཞན་ལ་འབྲེལ་བ་ཆེར་མི་འདུག་པས། གནད་དོན་འདིར་ངེས་པར་དུ་ཁ་གཏད་དགོས་ཚུལ་སོགས་བརྗོད་འདུག་ཟེར།
དྲི་བ། འོ་ན། ཞིས་ཅིན་ཕེན་གཞུང་གིས་རྒྱལ་བ་རིན་པོ་ཆེ་ལ་འཛིན་པའི་སྲིད་ཇུས་ཇེ་ཡག་ཏུ་འགྲོ་བཞིན་པ་རེད་དམ།
ལན། ཚོགས་ཐོག་དེར་བསྒྲགས་པ་ལྟར་ན། “དེང་ཕྱིན་ཏཱ་ལའི་བླ་མ་ལ་ཆ་རྐྱེན་བརྗེ་རེས་ཀྱི་འབྲེལ་མོལ་རྩ་བ་ནས་མི་བྱེད། ཏཱ་ལའི་བླ་མས་ཉེས་པ་ངོས་ལེན་གནང་བ་ཡིན་ན་ཕྱིར་ཀྲུང་གོའི་ནང་ལོག་ཆོག ཡིན་ནའང། པེ་ཅིན་ནམ་རི་བོ་རྩེ་ལྔ་ནས་སྡོད་པ་ལས་བོད་ཁུལ་དུ་སོང་མི་ཆོག”
དེ་ནི་མ་འོངས་པར་ཏཱ་ལའི་བླ་མར་འཛིན་པའི་སྲིད་ཇུས་རེད་ཟེར། རྒྱུ་མཚན་ནི་ཀྲུང་གུང་ངོས་ནས་ད་ལྟའི་བར་དུ་ཏཱ་ལའི་བླ་མ་མཆོག་ལ་འབྲེལ་མོལ་བྱས་པར་གྲུབ་འབྲས་མ་ཐོན་པ་ཞིག་ལ་ལྟ་བཞིན་ཡོད་ཚུལ་གླེང་འདུག འདི་ནི་ཀྲུང་གུང་སྲིད་གཞུང་གིས་ཏཱ་ལའི་བླ་མར་འཛིན་པའི་སྲིད་ཇུས་ཀྱི་ཕྱོགས་གཅིག་རེད། ཕྱོགས་གཞན་གཅིག་ནི“ཏཱ་ལའི་བླ་མའི་ཉེ་འཁོར་གྱི་མི་ཚོར་མུ་མཐུད་དུ་འཐབ་ཕྱོགས་གཅིག་གྱུར་སྲིད་ཇུས་སྤེལ་དགོས།” མི་དེ་དག་ལ་འཛིན་པའི་འཐབ་ཕྱོགས་གཅིག་གྱུར་གྱི་སྲིད་ཇུས་ནི་ལས་ཀ་གཉིས་ལ་དམིགས་འདུག
“གཅིག ཐབས་བརྒྱ་ཇུས་སྟོང་གིས་ཡུལ་གྱར་བོད་མིའི་སྤྱི་ཚོགས་ནང་གི‘ལམ་དབུ་མ’དང‘རང་བཙན’ལངས་ཕྱོགས་འཛིན་མཁན་གྱི་ཤོག་ཁག་གཉིས་མཉམ་འབྲེལ་ཡོང་མི་ཐུབ་པར་ཤུགས་བསྣོན་བྱེད་དགོས། གཉིས། རྒྱ་བརྒྱུད་ནང་བསྟན་ལ་དད་མཁན་ཁྲོད་ནས་ཏཱ་ལའི་བླ་མ་ལ་དད་པ་བྱེད་མཁན་ཇེ་མང་ཡིན་པའི་སྣང་ཚུལ་ཞིག་མུ་མཐུད་བསྐྲུན་རྒྱུ་དང་། དེ་ལྟར‘ལམ་དབུ་མ’དང‘རང་བཙན’ལངས་ཕྱོགས་འཛིན་མཁན་གྱི་ཤོག་ཁག་གཉིས་མཉམ་འབྲེལ་མི་ཡོང་བའི་གཞོགས་འདེགས་ཆགས་ཡོད་”ཟེར།
དྲི་བ། དེ་ཧ་ཅང་གི་ཐབས་ལམ་ནག་པོ་རེད། གཞན་བོད་ཐོག་འཛིན་པའི་ཆོས་ལུགས་སྲིད་ཇུས་འགྱུར་བ་ཕྱིན་ཡོད་དམ།
ལན། ཚོགས་ཐོག་དེར“དེང་ཕྱིན་བོད་ཐོག་འཛིན་པའི་ཆོས་ལུགས་སྲིད་ཇུས་ནི་ཀྲུང་གོའི་ཡི་ཤུའི་ཆོས་ལུགས་ཀྱི་རང་རྐྱ་འཕེར་བ་གསུམ་གྱི་རྒྱལ་གཅེས་ལས་འགུལ་(National Committee of Three-Self Patriotic Movement of the Protestant Churches inChina) ལ་དོ་དམ་བྱས་པའི་ཉམས་མྱོང་གཞིར་བཞག་གིས་བོད་ནང་གི་ཆོས་དད་པར་གྲུབ་འབྲས་ཡོད་པའི་དོ་དམ་བྱེད་རྒྱུ་དང་། ལྷག་པར་བོད་བརྒྱུད་ནང་བསྟན་གྱི་བླ་མའི་ཡང་སྲིད་ལམ་ལུགས་ལ་དོ་དམ་གྱིས་བླ་སྤྲུལ་ཆེ་ཆུང་ཐམས་ཅད་ཐོ་འགོད་དང་གཅིག་ཀྱང་ལྷག་མི་ཆོག ”
“སྲིད་གཞུང་ཁྱོན་ཡོངས་ནས་ལས་ཀ་འདིའི་ནང་མཉམ་ཞུགས་ཀྱིས་བླ་མ་སྤྲུལ་སྐུ་ཡོངས་ལ་ཆབ་སྲིད་ཐོག་ནས་ཚོད་འཛིན་ནན་མོ་བྱེད་དགོས།” རྒྱུ་མཚན་ནི་ཀྲུང་གུང་སྲིད་གཞུང་ཐད་ནས་ད་ལྟའི་པཎ་ཆེན་རྫུན་མ་བསྐྱེད་བསྲིངས་བྱས་པ་ནི་གྲུབ་འབྲས་ཐོན་ཟིན་པའི་བྱ་བཞག་ཅིག་ཡིན་ཚུལ་དང་། དེ་ལྟར་བོད་ནང་གི་བླ་སྤྲུལ་ཆེ་ཆུང་ཆིག་ཁྲི་ལ་ཉེ་བ་ཞིག་ཡོད་པར་དོ་དམ་བྱེད་ཐུབ་པ་བྱུང་ན་ཆོས་དད་མང་ཚོགས་ལ་ཞོར་ནས་དོ་དམ་བྱེད་ཐུབ་ཡོད་པར་ངོས་འཛིན་བྱས་ཡོད་ཟེར།
ཚོགས་འདུ་དེར་མཉམ་ཞུགས་བྱེད་མཁན་ཁྲོད་དུ་ཀྲུའུ་ཝེ་ཆོན་ལ་ཆེད་དུ་གཏམ་བཤད་ཀྱི་གོ་སྐབས་སྤྲད་འདུག ཀྲུའུ་ཝེ་ཆོན་ནས་ཕལ་ཆེར་སྐར་མ་བཞི་བཅུ་ཙམ་ལ་བོད་འབྲེལ་ཆེད་གཏམ་སྤེལ་ཡོད་ཅིང་། ཚོགས་འདུ་འདིའི་སྟེང་གི་ལྟ་བ་མང་པོའང་གཏམ་བཤད་དེར་འབྲེལ་བ་འདུག་མོད། གཙོ་བོ་ཕྱོགས་གཉིས་ནན་བཤད་བྱས་འདུག
“གཅིག བོད་ནང་གི་མི་རབས་གསར་བའི་སྐྱ་སེར་ཤེས་ཡོན་པའི་བསམ་བློར་སྟངས་འཛིན་ནན་མོ་བྱེད་དགོས། དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུའི་ནང་ཧའོ་ཡོ་པང་གི‘གཡས་ཕྱོགས་གོ་སྐབས་རིང་ལུགས’ཀྱི་ནོར་འཁྲུལ་སྲིད་ཇུས་ཀྱི་འོག་ཏུ་པཎ་ཆེན་སྐུ་ཕྲེང་བཅུ་བའི་སྣེ་ཁྲིད་པའི་ཆོས་ལུགས་དང་ཤེས་ཡོན་སློབ་གསོ་དར་སྤེལ་འོག་བསྐྱེད་བསྲིངས་བྱས་པའི་སྐྱ་སེར་མི་སྣའི་ཁྲོད་དུ་ཁ་བྲལ་བ་མང་པོ་ཐོན་འདུག དེ་བས། སྐབས་དེའི་སྲིད་ཇུས་སྟེང་གི་ནོར་འཁྲུལ་ལ་ངེས་པར་དུ་ཡོ་བསྲང་བྱེད་དགོས་པར་མ་ཟད། བོད་ནང་གི་སྐྱ་སེར་ཤེས་ཡོན་པར་དོ་དམ་ཏན་ཏིག་བྱེད་དགོས། གཉིས། པཎ་ཆེན་སྐུ་ཕྲེང་བཅུ་བ་དུས་མིན་འདས་གྲོངས་ཕྱིན་ཚུལ་གྱི་བཤད་སྟངས་ཤིག་ཡོང་བཞིན་པར་གཟབ་གཟབ་ཀྱིས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་རྩོད་མེད་ཡོངས་གྲགས་ཆགས་ཟིན་པའི་ལེགས་འགྲུབ་ཀྱི་བྱ་བཞག་འདིར་སྲུང་སྐྱོབ་ཏན་ཏིག་བྱེད་དགོས་པ་དང། ཏཱ་ལའི་བླ་མ་བསྐྱར་དུ་དབྱིན་ཇིའི་རྒྱལ་མོ་ལྟ་བུའི་ལམ་ལུགས་སྒང་ཕྱིན་པ་ཡིན་ན། བཙན་བྱོལ་ནང་གི་སྟོབས་ཤུགས་མང་བོ་ཞིག་གཅིག་གྱུར་གྱི་ལམ་ནང་ཞུགས་སྲིད་པས། དེ་ལ་སྔོན་འགོག་དང་ལམ་འགྲོ་མ་ཡོང་བ་བྱེད་དགོས”ཟེར། ཀྲུའུ་ཝེ་ཆོན་གྱི་བཤད་སྟངས་ཕྱི་མ་དེའི་ཐོག་ནས་བལྟས་ན། དཔེ་དེབ“སངས་རྒྱས་བཀྲོངས་པ”དང“རྔམ་བརྗིད་རི་བོའི་ཚོགས་རྣམས་ཐོད་ཀྱིས་བསུ”གཉིས་ལའང་དོ་སྣང་གང་འཚམས་སྤྲད་ཡོད་ཤག་རེད། འདི་ཞོར་འཕྲོས་ཙམ་ཡིན།
དྲི་བ། བཙན་བྱོལ་སྤྱི་ཚོགས་ནང་དུ་ཀྲུང་གུང་སྲིད་གཞུང་གིས་རྒྱལ་བ་རིན་པོ་ཆེ་ལ་ཡ་ལན་མི་སྤྲད་པར་བཤད་ཚུལ་སྣ་ཚོགས་ཤིག་འདུག ཚོགས་འདུ་དེའི་སྟེང་ནས་ཡ་ལན་མི་སྤྲད་དོན་ངོ་མ་གང་ཡིན་བཤད་འདུག་གམ།
ལན། ཚོགས་ཐོག་དེའི་ཀྲུའུ་ཝེ་ཆོན་གྱི་སྐད་ཆ་ལྟར་བཤད་ན།“ཏཱ་ལའི་བླ་མས་ཉེས་པ་ངོས་ལེན་མ་བྱས་པར་མེས་རྒྱལ་ནང་ཕྱིར་ལོག་པ་ཡིན་ན། རྒྱལ་ཁབ་གཅིག་གྱུར་དང་བོད་བཅིངས་འགྲོལ་ཐད་བྱས་རྗེས་བླ་མེད་འཇོག་མཁན་གྱི་བོད་རྒྱ་གཉིས་ཀྱི་བློ་མཐུན་ཚོར་བློ་ཕམ་ཡོང་ངེས་པས། བློ་མཐུན་ལ་ལས་ཏཱ་ལའི་བླ་མས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ངོས་ལེན་བྱས་པ་ཡིན་ན་མེས་རྒྱལ་ནང་ལོག་ཏུ་འཇུག་འོས་ཚུལ་བཤད་ཀྱིན་པ་ནི་ཉེན་ཁ་ཆེན་པོ་ཞིག་ཡིན། གལ་སྲིད་ང་ཚོའི་སྲིད་དབང་སྲ་བརྟན་ལ་ནུས་པ་འབུལ་མཁན་གྱི་བོད་རྒྱ་གཉིས་ཀྱི་བློ་མཐུན་ཚོར་བློ་ཕམ་བྱུང་བ་ཡིན་ན། བོད་ལ་སྲིད་དབང་བསྒྱུར་བའི་རྨང་གཞིར་གཏོར་སྐྱོན་ཐེབས་ཡོད། དེ་ནི་འཇིག་ཉེན་གྱི་ཡོང་ཁུངས་ཡིན”ཟེར།
དྲི་བ། ཞིས་ཅིན་ཕེན་ཚོགས་འདུ་དེར་ཞུགས་ཡོད་དམ།
ལན། ཚོགས་འདུ་འདིའི་མགོ་མཇུག་མཐའ་གསུམ་ཞིས་ཅིན་ཕེན་ནས་དངོས་སུ་གཙོ་སྐྱོང་བྱས་པ་རེད་ཟེར།
དྲི་བ། དེང་སྐབས་བཙན་བྱོལ་སྤྱི་ཚོགས་ནང་དུ་བོད་ནང་ལོག་གིན་པ་དང་ཕར་འགྲོ་ཚུར་འོང་བྱེད་མཁན་ཇེ་མང་ནས་ཇེ་མང་དུ་གྱུར་ཡོད། གནས་སྟངས་འདིའི་ཐད་ཚོགས་ཐོག་དེར་བཤད་སྟངས་འདྲ་འདུག་གམ།
ལན། ཁྱེད་ཀྱིས་དྲན་བསྐུལ་བྱས་པ་ཡག་བྱུང། ཚོགས་ཐོག་དེར་གནས་སྟངས་འདིར་སྤྱི་བསྡོམས་ཤིག་བྱས་འདུག་ཟེར། གུང་ཁྲན་ཏང་གི་ལྟ་སྟངས་ལྟར་ན།“མི་འདི་དག་ཀྲུང་གུང་སྲིད་གཞུང་ལ་དགའ་ནས་ཕྱིར་ལོག་པ་མ་རེད། གཙོ་བོ་ཡུལ་གྱར་སྤྱི་ཚོགས་ནང་སྡོད་མ་ཐུབ་པའམ་རེ་ཐག་ཆད་ནས་ཚུར་ལོག་པ་རེད། ཡིན་ནའང་། མི་མང་ཆེ་བར་ད་དུང་ཁ་བྲལ་གྱི་འདུ་ཤེས་ཤུགས་ཆེན་འདུག དེ་བས། ཕྱིར་ལོག་ནས་སྡོད་མཁན་ཚོར་གཟབ་ནན་གྱིས་ལྟ་རྟོག་ནན་མོ་བྱེད་དགོས།”
དྲི་བ། ངས་འདྲི་བསམ་པའི་དོན་དག་ད་མེད། ཁྱེད་རང་ལ་ཁ་གསབ་བམ། ཡང་ན། བོད་མི་ཀློག་པ་པོ་ཚོར་བཤད་འདོད་པའི་སྐད་ཆ་ཡོད་དམ།
ལན། ཚོགས་འདུའི་སྟེང་གི་དོན་དག་ཁག་གཞི་གཅིག་ཏུ་བསྡུས་ན་འདི་འདྲ་ཞིག་རེད། ངས་གང་ཐུབ་ཀྱིས་ཚོགས་འདུའི་དེའི་སྟེང་གི་བཤད་སྟངས་ལྟར་མདོ་དོན་རྡོག་རྡོག་དེ་བཤད་ཡོད། རྒྱུ་མཚན་ནི་དོན་དག་ངོ་མ་དེ་བོད་མི་དོ་སྣང་ཅན་ཚོར་གསོང་བོར་བརྗོད་འདོད་པ་དེ་ཡིན། ཟུར་ལྟའི་རིན་ཐང་ཡོད་མེད་ལ་བོད་པ་རང་ངོས་ནས་ཐག་གཅོད་གནང་རོགས། མཐར༸གོང་ས་ཏཱ་ལའི་བླ་མ་མཆོག་དགུང་གྲངས་གྱ་གཅིག་བཞེས་པར་སྙིང་ཐག་པ་ནས་རྟེན་འབྲེལ་ཞུ། ངས་གང་ཐོས་པ་ཇི་བཞིན་བཤད་པ་འདི་ཁོང་གི་འཁྲུངས་སྐར་གྱི་ལག་སྐྱེས་སུ་འགྱུར་བའི་རེ་བ་ཡོད།
ཕྱི་ལོ༢༠༡༦ལོའི་ཟླ༧ཚེས༦ཉིན་རྒྱ་སྐད་ཐོག་བཅར་འདྲི་བྱས། ཕྱི་ལོ༢༠༡༦ལོའི་ཟླ༧ཚེས༧ཉིན་ཕབ་བསྒྱུར་ཡོངས་སུ་གྲུབ།