ཟླ་དྲུག་རིང་བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པའི་ཟབ་ཁྲིད།

བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་། རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭ་གཉིས་ཀྱིས་ ཧུན་སུར་རྒྱུད་སྨད་གྲྭ་ཚང་གི་ཡ་གྱལ་གངས་ཅན་རིག་གནས་སློབ་གྲྭར་མཐོ་སློབ་ཐོན་པའི་བོད་རིགས་ན་གཞོན་ཁག་ཅིག་ལ། ཟླ་བ་དྲུག་ཙམ་རིང་བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པའི་ཟབ་ཁྲིད་གནང་བའི་ལས་རིམ་དེ་བཞིན་ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༣༡ ཉིན་མཇུག་བསྡོམས་མཛད་སྒོ་ཞིག་འཚོགས་ཡོད་པ་རེད།

0798f378c597མཛད་སྒོའི་སྐུ་མགྲོན་གཙོ་བོར་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་རྒྱལ་གླིང་དོན་གྲུབ་རྡོ་རྗེ་དང་། རྒྱུད་སྨད་མཁན་རིན་པོ་ཆེ་དགེ་བཤེས་བློ་བཟང་ཕན་བདེ། ས་འཐུས་ཚོགས་གཙོ་བརྩོན་འགྲུས་རབ་རྒྱས། ས་གནས་འགོ་འཛིན་གྱི་སྐུ་ཚབ་ལས་དྲུང་ཚེ་རིང་སྒྲོལ་དཀར་བཅས་ཕེབས་ཡོད་པ་རེད།

ཚོགས་བཅར་བའི་ཁོངས་སུ་ཟླ་དྲུག་ཟབ་ཁྲིད་ཀྱི་སློབ་མ་རྣམས་དང་། དགུན་ཁའི་གུང་སེང་དང་བསྟུན་ནས་བོད་ཀྱི་སྐད་ཡིག་ཟབ་སྦྱོང་དུ་ཕེབས་པའི་བོད་ཁྱིམ་གྱི་སློབ་ཕྲུག  དེ་བཞིན་ཧུན་སུར་ས་གནས་ནང་ཆོས་ངོ་སྤྲོད་འཛིན་གྲྭའི་མི་མང་བཅས་ཁྱོན་མི་གྲངས་༡༥༠ སྐོར་ཞིག་འདུ་འཛོམས་བྱུང་ཡོད་འདུག ཐོག་མར་སློབ་དགེ་ངག་དབང་ཡོན་ཏན་གྱིས་ཟླ་དྲུག་ཟབ་ཁྲིད་ཀྱི་ལས་བསྡོམས་སོགས་སྙན་སྒྲོན་ཞུས། དེ་རྗེས་ཟབ་ཁྲིད་ཀྱི་སློབ་མ་ཟླ་བ་སྐྱིད་པས་རང་གི་མྱོང་ཚོར་དང་དགོངས་འཆར་གསུངས་ཡོད་པ་རེད།

སྐུ་མགྲོན་གཙོ་བོ་རྣམས་ནས་རྒྱུགས་སྤྲོད་རྩེ་མོར་སོན་པ་རྣམས་ལ་བྱ་དགའ་དང་བསླབ་པ་མཐར་སོན་སློབ་ཕྲུག་རྣམས་ལ་ལག་ཁྱེར་འབུལ་བཞེས་གནང་། དེ་ནས་རྒྱུད་སྨད་མཁན་རིན་པོ་ཆེ་དང་། ས་གནས་འགོ་འཛིན་གྱི་སྐུ་ཚབ། དེ་བཞིན་ཆོས་རིག་དྲུང་ཆེ་བཅས་ནས་གསུང་བཤད་གནང་མཚམས། ཆོས་རིག་དྲུང་ཆེས་ ལས་ཁུངས་ངོས་ནས་གངས་ཅན་རིག་གནས་སློབ་གྲྭའི་དགེ་ལས་ཡོངས་ལ་ཐུགས་རྗེ་ལེགས་སྐྱེས་རེ་ཕུལ་ཡོད་པ་རེད།

དེ་རྗེས་ཟབ་ཁྲིད་ཀྱི་སློབ་མ་བསྟན་འཛིན་བློ་ལྡན་གྱིས་རང་གི་མྱོང་ཚོར་གསུངས་པ་དང་འབྲེལ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་། དེ་རྗེས་མཐའ་བརྒྱད་དགའ་སྟོན་རྟེན་འབྲེལ་དུ་ཟབ་ཁྲིད་སློབ་མ་ཁག་ཅིག་ནས་རིགས་ལམ་གྱི་རྩོད་གླེང་དང་། བོད་ཁྱིམ་སློབ་ཕྲུག་ཕོ་མོ་རྣམས་ནས་རིག་གཞུང་འཁྲབ་སྟོན་གྱི་གཟིགས་འབུལ་ཞུས་པ་སོགས་བྱས་ཏེ་མཛད་སྒོ་གྲོལ་ཡོད་པ་རེད།

ཟླ་དྲུག་ཟབ་ཁྲིད་དེ་ནི་ཕྱི་ལོ་ ༢༠༡༤ ལོར་ཆོས་རིག་ལས་ཁུངས་ནས་གསར་གཏོད་དང་ལག་བསྟར་གནང་བའི་ནང་ཆོས་ངོ་སྤྲོད་ཀྱི་ལས་རིམ་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་གཙོ་བོ་ནི་དེང་དུས་ཤེས་ཡོན་ལྡན་པའི་བོད་རིགས་ན་གཞོན་ཁྲོད་དུ་བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པའི་གོ་རྟོགས་རྒྱ་བསྐྱེད་གཏོང་བ་དང་། ༸གོང་ས་མཆོག་གི་བཀའ་དགོངས་བཞིན་དུ་སྐྱ་བོ་རྣམས་ཀྱིས་ནང་པའི་གཞུང་ལུགས་ཁག་ལ་སློབ་གཉེར་ཐུབ་པའི་ལམ་ལ་སྐུལ་འདེད་ཆེད་དུ་ཡིན་པ་རེད།

ཟླ་དྲུག་ཟབ་ཁྲིད་འདིའི་ནང་དུ་རིགས་ལམ་དང་། གཞུང་། སྐད་ཡིག་ཅེས་བསླབ་གཞི་སྡེ་ཚན་ཆེ་བ་གསུམ་དུ་བགོས་ཡོད་པ་དང་། རྗེས་མ་སྔོན་རྩིས་ལོ་དུས་ནང་དུའང་འཛུལ་ཞུགས་གནང་མཁན་སློབ་ཕྲུག་གྲངས་ཚད་ངེས་ཅན་ཞིག་བྱུང་ཚེ་སློབ་ཕྲུག་ཞལ་གྲངས་༢༥ བསྡུ་བསྐོང་གིས་ཟབ་ཁྲིད་ཐེངས་གསུམ་པ་གོ་སྒྲིག་གནང་གཏན་ཁེལ་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།