ཟླ་བ་འདིའི་ཟླ་མཇུག་ཏུ་༧གོང་ས་མཆོག་བཞུགས་སྒར་དུ་ཆིབས་བསྒྱུར་གནང་རྒྱུ་ཡིན་འདུག

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་༢༠༢༥ ཟླ་༡ ཚེས་༥ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་ཀྱི་ཁོངས་ཏེ། བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་དགོན་དུ་ཞབས་སོར་བདེ་བར་འཁོད་ཡོད་པ་བཞིན་དེར་བཞུགས་ཏེ། ཕྱི་ཚེས་༨ ནས་བདུན་ཕྲག་གསུམ་ལྷག་གི་རིང་མོན་གྷོ། ཀོ་ལི་གྷལ། ཧོན་སུར། སྦེལ་ཀོབ་ལུགས་བདེ་གཉིས་བཅས་སུ་གནས་སྡོད་གནང་མཁན་ལོ་ན་དྲུག་ཅུ་ཡན་ཆད་ཀྱི་སེར་སྐྱ་དང་། དབང་པོ་སྐྱོན་ཅན། ནད་པ་བཅས་མི་གྲངས་༤༥༠༠ ལྷག་ཙམ་དང་། དེ་བཞིན་ཧི་མ་ལ་ཡའི་རི་རྒྱུད་ཀྱི་བོད་རིགས་། རྒྱ་གར་བ། ཕྱི་རྒྱལ་ནས་ཆེད་བཅར་ཞུས་པའི་མི་མང་། ས་གནས་ཀྱི་འབྲེལ་ཡོད་དཔོན་རིགས་སོགས་ལ་མཇལ་ཁ་བསྩལ་གནང་བ་དང་། དེ་བཞིན་བོད་ཀྱི་སྟོད་དིང་རི་གཙོས་གཞིས་ཀ་རྩེ་སོགས་ས་གནས་ཁག་ཅིག་ལ་ས་ཡོམ་ཤུགས་ཆེར་བརྒྱབ་སྟེ་མི་མང་པོ་རྐྱེན་འདས་དང་། རྨས་སྐྱོན་ཕོག་པ། ཁང་ཁྱིམ་གཏོར་བཤིག་ཚབས་ཆེ་བྱུང་བ་བཅས་ཀྱི་ཆེད་མཆོད་འབུལ་སྨོན་ལམ་དང་། རི་བོ་དགེ་ལྡན་པའི་གདན་ས་གྲྭ་ཚང་ཁག་གི་བྱམས་ཆོས་དང་རིགས་ཚོགས་ཆོས་ཐོག་གི་བརྒལ་རྟགས་བགྲོ་གླེང་བཅས་ཀྱི་ཚོགས་མགོན་དུ་དབུ་བཞུགས་མཛད་པ། ཉེ་འཁོར་གྱི་དགོན་སྡེ་ཁག་གི་དགེ་འདུན་པ་དང་བཙུན་མ་མང་པོ་ཞིག་ལ་མཇལ་ཁ་དང་སྡོམ་པ་འབོག་ཆོག་བཅས་མཛད་ཡོད་པ་རེད། དགའ་ལྡན་ཕོ་བྲང་གི་མཛད་རིམ་ལྟར་ན། ཕྱི་ཟླ་༢ པའི་ཚེས་ ༥སྔ་དྲོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་རྟེན་གཞི་བྱས་པའི་སེ་ར་བླ་སྤྱི་དང་། སེ་ར་བྱེས་སྨད་གྲྭ་ཚང་ཕྱག་མཛོད་ལྷན་རྒྱས་ནས་བླ་སྤྱིའི་ཚོགས་ཆེན་འདུ་ཁང་དུ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་དང་། ཕྱི་ཟླ་༢ ཚེས་ ༡༢སྔ་དྲོར་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་རྟེན་གཞི་བྱས་པའི་བཀྲ་ཤིས་ལྷུན་པོ་དགོན་པས་བཀྲས་ལྷུན་ཚོགས་ཆེན་འདུ་ཁང་དུ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ། དེ་བཞིན་ཕྱི་ཟླ་༢ པའི་ཚེས་ ༡༧སྔ་དྲོར་ཧོན་སུར་དུ་རྟེན་གཞི་བྱས་པའི་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་གིས་རྒྱུད་སྨད་ཚོགས་ཆེན་འདུ་ཁང་དུ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་བཅས་ཡིན་འདུག་ལ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལྟར་ན་ཕྱི་ཚེས་༡༨ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལྡི་ལིར་ཆིབས་བསྒྱུར་གནང་རྒྱུ་དང་། ཕྱི་ཚེས་༢༢ཉིན་ཕྱིར་བཞུགས་སྒར་རྡ་རམ་ས་ལར་ཆིབས་བསྒྱུར་གནང་རྒྱུ་ཡོད་པ་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་བློ་བཟང་སྦྱིན་པས་དེ་གའི་གསར་ཁང་ལ་ངོ་སྤྲོད་གནང་ཡོད་པར་བཀོད་འདུག
གསར་འགོད་པ། བསྟན་འཛིན་ལམ་བཟང་།