འགོ་ཁྲིད་ཀྱི་རེ་བ། མི་མང་གི་ཐག་གཅོད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༩༢ ཕྱི་ལོ་ ༢༠༡༦/༤/༢༧
ལོ་འདིའི་སྲིད་སྐྱོང་གི་འོས་བསྡུ་ཆེན་མོ་འགོ་བཙུགས་པ་ནས་བཟུང་བགྲོ་གླེང་རབས་དང་རིམ་པ་མང་པོ་ཞིག་བྱུང་ཡོད་པ་དང། ལྷག་པར་དུ་དངོས་གཞིའི་འོས་བསྡུའི་ལས་རིམ་འགོ་བཙུགས་པ་ནས་བཟུང་། ཕྱོགས་འཐེན་གྱི་བསམ་བློ་རྨང་གཞི་བྱས་ནས་དཀྲོག་གཏམ་གྱི་རིགས་གང་སར་སྤེལ་སོང་བ་དང། བཙན་བྱོལ་ནང་གི་གནད་ཡོད་མི་སྣ་མང་པོ་ཞིག་གིས་དངོས་ཤུགས་བརྒྱུད་གསུམ་ནས་ལས་འགུལ་གང་མང་ཞིག་སྤེལ་སོང། བཙན་བྱོལ་ནང་གི་མི་འབོར་མང་ཤོས་དབུས་གཙང་ཆོལ་ཁའི་དབུས་རྒྱུན་ལས་དང། མངའ་རིས་སྤྱི་མཐུན་ཚོགས་པའི་དབུས་རྒྱུན། དེ་བཞིན་མདོ་སྨད་ཆོལ་ཁའི་དབུས་རྒྱུན་ལས་བཅས་ཀྱིས་སྲིད་སྐྱོང་གི་འོས་གཞི་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལ་དངོས་སུ་རྒྱབ་སྐྱོར་བྱས་སོང་བ་དང། བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ངོས་ནས་འོས་གཞི་གཉིས་ཀར་རྒྱབ་སྐྱོར་ཙམ་ཡོད་པ་ལས། སྲིད་སྐྱོང་འོས་གཞི་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་ལ་ཚོགས་པ་གཞན་སུ་གཅིག་གིས་རྒྱབ་སྐྱོར་བྱས་མེད་པ་རེད།
འོན་ཀྱང་ད་ལན་འོས་བསྡུ་ལས་ཁང་ནས་གསལ་བསྒྲགས་བྱས་པ་ལྟར་རྒྱ་ཆེའི་མི་མང་གིས་སྲིད་སྐྱོང་འོས་གཞི་བློ་བཟང་སེང་གེ་ལ་ཚད་མཐོན་པོའི་ཐོག་ནས་རྒྱབ་སྐྱོར་བྱས་ཏེ་སླར་ཡང་སྲིད་སྐྱོང་གི་རྒྱལ་ཁ་ཐོབ་ཡོད་པ་རེད། གནད་དོན་དེའི་ཐོག་ནས་བཙན་བྱོལ་ནང་གི་ཚོགས་པ་ཁག་གི་འགོ་ཁྲིད་མཁན་རྣམས་ལ་ཚོགས་པ་རང་ཁོངས་མི་མང་གི་ངོས་ནས་རྒྱབ་སྐྱོར་མེད་པ་དང། ལངས་ཕྱོགས་མི་གཅིག་པ་དེ་ཧ་ཅང་གསལ་པོ་ཆགས་པ་རེད། ཕྱོགས་གཞན་ཞིག་ནས་བཤད་ན་སྲིད་དོན་པ་དང་མི་མང་གི་བསམ་བློའི་བར་ཐག་ལ་ཧེ་བག་ཆེན་པོ་ཡོད་པ་གསལ་པོར་གྱུར་སོང། དེ་ཡིན་དུས་ཚོགས་པ་ཁག་གི་ཚོགས་གཙོ་དང་དྲུང་ཆེར་འབོད་པ་དག་གིས་བསམ་བློ་གསར་པ་ཞིག་གཏོང་དགོས་པ་ཧ་ཅང་གལ་ཆེ། ད་དུང་མུ་མཐུད་དུ་ཚོགས་གཙོ་དང་དྲུང་ཆེ་རྒྱུན་ལས་བཅས་ཀྱིས་ཡིན་ཤག་ཤག་དང་འགྲིག་ཡོད་ཤག་བྱས་ནས་བསྡད་ན། ཚོགས་པ་དེ་དག་གི་མཚན་མཐོང་དང་ནུས་ཤུགས་ལ་ལྡོག་ཕྱོགས་ནས་ཤུགས་རྐྱེན་ཐེབས་ངེས་རེད།
ད་ལྟའི་ཆར་བཙན་བྱོལ་ནང་གི་ཚོགས་པ་ཁག་གི་འགོ་ཁྲིད་དུ་རློམ་པ་དག་གིས་ཚོགས་པ་རང་ཁོངས་མི་མང་གི་ཚབ་ཀྱང་མཚོན་ཐུབ་ཀྱི་མི་འདུག་ན། གཞིས་བྱེས་གཉིས་ཀྱི་ཚབ་མཚོན་ཐུབ་དང་མི་ཐུབ་ཀྱི་དོགས་པ་ཆེན་པོ་ཞིག་རང་བཞིན་གྱིས་སླེབས་པ་རེད། དེར་བརྟེན་ཆོལ་ཁ་སོ་སོ་དང། ཚོགས་པ་ཆེ་ཁག་གི་དབུ་ཁྲིད་མཁན་དག་གི་ངོས་ནས་མ་འོངས་པར་མི་མང་གི་ཚབ་མཚོན་ཐུབ་པའམ། དབུ་ཁྲིད་ཐུབ་པ་ཞིག་ག་འདྲ་བྱེད་དགོས་མིན་གྱི་ཐོག་ལ་བསམ་བློ་གཏོང་དགོས་པ་ཞིག་ཏུ་གྱུར་ཡོད་པ་འདྲ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་གཞིས་བྱེས་གཉིས་ཀྱི་ཚབ་མཚོན་པ་ཞིག་བྱེད་དགོས་ན་གཙོ་ཆེ་ཤོས་རྒྱ་ཆེའི་མི་མང་གི་བསམ་ཚུལ་ངེས་པར་དུ་རྟོགས་དགོས་པ་དེ་ཧ་ཅང་གལ་ཆེ། དེ་ལྟར་མ་བྱས་པར་སྣང་བ་དག་ནས་སོང་བསྡད་པ་ཡིན་ན་ནམ་ཞིག་མགོ་རུལ་བ་རྣ་བས་མ་ཚོར་བ་ལྟ་བུ་ཞིག་ཏུ་འགྱུར་ཉེན་ཆེན་པོ་ཡོད།
སྤྱིར་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་མང་གཙོ་ལོངས་སུ་སྤྱད་ནས་མི་ལོ་ལྔ་བཅུ་བརྒལ་ཟིན་པས། མི་མང་གི་ངོས་ནས་ཀྱང་འགོ་ཁྲིད་དུ་རློམ་པའི་སྲིད་དོན་པ་དག་གིས་གང་བཤད་ལ་མ་ཉན་པར་རང་ཉིད་ཀྱིས་རང་དབང་བེད་སྤྱོད་བྱས་པ་དེ་ཡང་མི་ལོ་ལྔ་བཅུ་ལྷག་གི་མང་གཙོའི་ལེགས་བྱང་དང། ཉམས་མྱོང་བཟང་པོ་ཞིག་ཏུ་གྱུར་ཡོད་པ་རེད། བྱེད་སྟངས་འདིའི་ཐོག་ནས་བལྟས་ན་མ་འོངས་པར་བཙན་བྱོལ་བོད་པའི་རེ་བ་དེ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསོལ་སྩལ་གནང་བའི་མང་གཙོའི་ལམ་ལུགས་འདི་ཉིད་ཡིན་པ་ར་འཕྲོད་པ་ཞིག་བྱུང་བ་དང། དེར་བརྟེན་མ་འོངས་པར་མི་མང་གི་བསམ་བློའི་གནས་བབས་ཆ་ནས་བོད་དོན་འཐབ་རྩོད་ཀྱང་ད་དུང་རྒྱུན་རིང་ཙམ་གནས་ཐུབ་ངེས་ཡིན་པ་ཚོད་དཔག་བྱེད་ཐུབ་པ་ཞིག་རེད། དེ་ནི་སྲིད་སྐྱོང་གི་འོས་སུ་ལ་ཐོབ་མིན་གྱི་ཐོག་ནས་མ་ཡིན་པར། མི་མང་ལ་རང་རྐྱ་འཕེར་བའི་ལངས་ཕྱོགས་ཤིག་ཡོད་པའི་རྒྱུ་མཚན་གྱིས་རེད།
མདོར་ན་ལོ་འདིའི་འོས་བསྡུ་ཆེན་མོའི་སྔ་རྗེས་སུ་ལྷ་འཁྲུག ཀླུ་འཁྲུག གནད་ཡོད་མི་སྣ་མང་པོ་ཞིག་ལ་ཧ་ཅང་འཁྲུག་ཡོད་ནའང། རྒྱ་ཆེ་ས་ནས་རྒྱ་ཆེའི་མི་མང་རང་རང་སོ་སོའི་ལངས་ཕྱོགས་བརྟན་པོ་ཡོད་པ་དེ་ཧ་ཅང་གསལ་པོ་རེད། མང་གཙོའི་ལམ་ལུགས་ཡོད་བཞིན་པའི་སྐབས་སུ་ཆེ་ཆུང་གང་ནས་འཁྲུག་ཀྱང་མཐར་ཐུག་གི་དབང་ཆ་མི་མང་རང་གི་ལག་ཏུ་ཡོད་པ་དེ་ཁས་ལེན་ངེས་པར་དུ་བྱེད་དགོས་ངེས་ཡིན་པ་ལས། སྲིད་དོན་པ་དག་གི་བསམ་ཚུལ་དང་མཐུན་མིན་དེ་གཙོ་བོར་བྱས་ནས་ལྷ་ཀླུ་ཚང་མ་འཁྲུག་བསྡད་པའི་གནས་སྟངས་དེ་དག་མང་གཙོ་དང་མཐུན་པའི་བྱེད་སྟངས་ཤིག་ཏུ་ངོས་འཛིན་བྱེད་དཀའ། མང་གཙོའི་ལམ་ལུགས་ཀྱི་ཐོག་ནས་འོས་བསྡུ་བྱེད་བཞིན་པའི་སྐབས་སུ་ལམ་སྲོལ་དེ་དང་མཐུན་པ་ཞིག་ཡོང་བར་འབད་བརྩོན་བྱེད་དགོས་པ་ལས། མང་གཙོའི་ལམ་སྲོལ་དང་མི་མཐུན་པ་ཞིག་གི་ཐོག་ལ་གོམ་པ་ཕྱིར་བཤིག་རྒྱག་མི་དགོས་པ་ཞིག་གི་ཐོག་ལ་གནད་ཡོད་ཚང་མས་དགོངས་པ་བཞེས་དགོས་པར་སྣང།།