འགྱུར་བ་དང་ཁ་ཕྱོགས་དགོས།
ལོ་སྔོན་མ་ནས་བཟུང་རྒྱ་ནད་བཅུ་དགུ་པའི་གནོད་སྐྱོན་ལ་བརྟེན་ནས་རྒྱལ་སྤྱིའི་ཁྱོན་ཡོངས་སུ་རྒྱ་གཞུང་ལ་བལྟ་སྟངས་ཐོག་ནས་འགྱུར་བ་ཆེན་པོ་སོང་ཡོད་པ་དང་། དེ་མཚུངས་བཞིན་བོད་དོན་རྒྱབ་སྐྱོར་གྱི་རྣམ་འགྱུར་ཡང་ཧ་ཅང་ཚད་མཐོ་རུ་སོང་ཡོད། ད་ལྟའི་དུས་འདིར་བོད་དོན་འཐབ་རྩོད་ཀྱི་ཐོག་ནས་བཤད་ན་འདི་ལས་ལྷག་པའི་གོ་སྐབས་བཟང་པོ་ཞིག་གཏན་ནས་རག་མི་སྲིད་པ་དང་། གོ་སྐབས་བཟང་པོ་འདི་ལྟ་བུ་དམ་འཛིན་བྱེད་མ་ཐུབ་ན་བོད་དོན་འཐབ་རྩོད་ཀྱི་ཐོག་ནས་འདི་ལས་ལྷག་པའི་འཐུས་ཤོར་ཆེ་བ་ཞིག་གཏན་ནས་མེད། དེར་བརྟེན་ད་ལྟ་གཞུང་སྒེར་གཉིས་ངོས་ནས་རྒྱལ་སྤྱིའི་འགྱུར་བ་དང་བསྟུན་ནས། བོད་དོན་འཐབ་རྩོད་ཀྱི་ཐོག་ནས་ཀྱང་ཁ་ཕྱོགས་གསར་པ་ཞིག་འཚོལ་ཐུབ་དགོས། ཁ་སང་གི་བཞུད་ལམ་ལ་བསྐྱར་ཞིབ་གཏན་ནས་མ་བྱས་པར་བསྐྱོད་ན། མ་འོངས་པའི་མདུན་བསྐྱོད་ལ་གྲུབ་འབྲས་སོན་དཀའ་བ་དང་། རྒྱལ་སྤྱིའི་ཁ་ཕྱོགས་ལས་ཡོངས་སུ་ལྡོག་ནས་བསྐྱོད་ན་བོད་དོན་འཐབ་རྩོད་ལ་གྲུབ་འབྲས་འཐོབ་ཐབས་མེད། རྒྱལ་སྤྱིའི་འགྱུར་ལྡོག་ལ་བསྟུན་དགོས་མིན་ནི། རྒྱ་དམར་གཞུང་ལ་ཡིད་ཆེས་བྱེད་ཆོག་མིན་གྱི་ཚད་ཐིག་ཐོག་ནས་གཏན་ཁེལ་བྱེད་དགོས།
ད་ལྟ་ཆབ་སྲིད་ཀྱི་ཁ་ཕྱོགས་འདི་ནི་རྒྱ་གཞུང་ཁོ་ན་ལ་བསྟུན་པ་ཞིག་ཡིན་ལ། རྒྱ་དམར་གཞུང་དེ་ཡ་རབས་བཟང་སྤྱོད་དང་། བདེན་དོན་གཞི་རྩར་འཛིན་མཁན། མི་མང་གི་མངོན་འདོད་དང་བསྟུན་ནས་ཐག་གཅོད་བྱེད་མཁན་གྱི་སྲིད་གཞུང་ཞིག་ཡིན་ན་བོད་དོན་འཐབ་རྩོད་ཀྱི་ཐོག་ནས་ཀྱང་རྒྱ་གཞུང་ལ་རེ་བ་བརྒྱབ་ན་གྲུབ་འབྲས་སོན་ཐུབ་པ་ཞིག་ཡོང་སྲིད་ཀྱང་། རྒྱ་དམར་གཞུང་ནི་བདེན་དོན་ལ་རྒྱབ་ཀྱིས་ཕྱོགས་ཏེ་གཡོ་སྒྱུ་ཁྲམ་གསུམ་ཁོ་ནའི་ཐོག་ནས་ཐུབ་ཚོད་དང་དབང་ཡོད་ཁོ་ན་བྱེད་མཁན་གྱི་སྲིད་གཞུང་ཞིག་ཡིན་པ་དང་། རྒྱ་ཆེའི་མི་མང་ལ་འོས་བསྡུའི་ལམ་ནས་རང་ཉིད་ཀྱིས་མགོ་ཁྲིད་འདེམས་རྒྱུའི་ཐོབ་ཐང་མེད་པ། རང་དབང་གི་ཐོག་ནས་བསམ་ཚུལ་ཤོད་རྒྱུའི་ཐོབ་ཐང་སོགས་གཞི་རིམ་གྱི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གཏན་ནས་མེད་པས། ད་ལྟའི་དུས་ཚོད་འདིར་རྒྱ་དམར་གཞུང་ཁོ་ན་ལ་རེ་བ་རྒྱག་རྒྱུའི་སྲིད་བྱུས་འདི་ནི་རང་ཉིད་ཀྱིས་རང་ཉིད་མགོ་སྐོར་བཏང་བ་ལྟ་བུར་གྱུར་ཡོད། འདས་པའི་མི་ལོ་བཞི་བཅུ་ལྷག་གི་རིང་རྒྱ་གཞུང་ལ་རེ་བ་བརྒྱབ་པ་བཞིན། མ་འོངས་པར་ཡང་མུ་མཐུད་བསྐྱོད་ན་བོད་པའི་ཁ་རྒྱུན་དུ་བོད་རེ་བས་ཕོངས་ཞེས་པ་ལྟ་བུར་འགྱུར་ངེས་རེད།
ད་ལྟའི་སྲིད་བྱུས་འདི་ལ་བརྟེན་ནས་རྒྱ་དམར་གཞུང་གིས་བོད་དོན་ཐག་གཅོད་བྱ་རྒྱུའི་རེ་བ་མི་ལོ་བཞི་བཅུ་ལྷག་བརྒྱབ་ཀྱང་བཟང་ཕྱོགས་ཀྱི་གྲུབ་འབྲས་སོན་མེད་པ་དང་། འདས་པའི་དུས་ཡུན་སྤྱི་དང་ལྷག་པར་ཕྱི་ལོ་༢༠༠༠ ལོའི་རྗེས་སུ་བཙན་བྱོལ་སྤྱི་ཚོགས་ནང་རྒྱ་གཞུང་ལ་བསྟུན་མཁས་བྱས་ནས་འགྲོ་རྒྱུའི་སྲིད་བྱུས་ཤུགས་ཆེ་རུ་བཏང་བས། རྩ་དོན་འཐབ་རྩོད་ཀྱི་ལངས་ཕྱོགས་མི་མཐུན་པའི་རྩོད་རྙོག་མང་དུ་སོང་བ་དང་། གཞུང་གི་དབང་ཤུགས་དང་ནུས་པ། ད་དུང་དེ་ལས་ཀྱང་ཞེད་སྣང་ཚ་བ་ཞིག་ལ་དད་པ་དང་དམ་ཚིག་ལ་ཁ་གཡར་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་གཞན་ནམ། བསམ་ཚུལ་མི་མཐུན་པ་རྩ་མེད་གཏོང་རྒྱུའི་ཐབས་ཤེས་བྱས་པས། ད་ཆ་བོད་ཀྱི་བདག་དབང་སླར་གསོ་བྱ་རྒྱུའི་ཆེད་འབད་བརྩོན་བྱེད་མཁན་ཧ་ཅང་ཉུང་དུ་སོང་ཡོད་པ་དང་། མངོན་གསལ་དོད་པོས་འབད་བརྩོན་དང་བློས་གཏོང་མུ་མཐུད་བྱེད་མཁན་དག་ལ་གནོན་ཤུགས་འདྲ་མིན་སྤྲད་ནས་སྤྱི་ཚོགས་ནས་རྒྱང་འཕུད་གཏོང་ཐབས་བྱས་པ་སོགས། རྒྱ་གཞུང་ལ་བསྟུན་མཁས་བྱ་རྒྱུ་མང་དྲགས་པས་ད་ལྟའི་ཆར་བོད་དོན་འཐབ་རྩོད་རང་གི་ཐོག་ནས་ཤུགས་རྒྱག་མཁན་གྱི་མི་སྣ་ཧ་ཅང་དཀོན་དུ་སོང་ཡོད།
རྒྱ་གཞུང་གིས་བོད་དོན་ལ་འཛིན་པའི་སྲིད་བྱུས་མཁྲེགས་ནས་མཁྲེགས་སུ་བཏང་ཡོད་པ་ལས་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་སོང་མེད། བཙན་བྱོལ་བོད་མིའི་ནང་བོད་དོན་འཐབ་རྩོད་ཀྱི་ཐོག་ལ་ནུས་པ་ཞན་དུ་སོང་ཡོད་པ་དང་། ད་དུང་ཕྱོགས་གཞན་ཞིག་ནས་བཤད་ན་རྒྱ་གཞུང་གིས་དངོས་ཤུགས་བརྒྱུད་གསུམ་ནས་ཐབས་ཤེས་ལུ་གུ་རྒྱུད་དུ་བཏང་སྟེ། ད་ལྟའི་ཆར་བཙན་བྱོལ་བོད་མིའི་རྡོག་རྩ་གཅིག་སྒྲིལ་གྱི་ནུས་པའང་ཉམས་གུད་དུ་བཏང་དང་གཏོང་བཞིན་ཡོད། བོད་པ་ནང་ཁུལ་དུ་ཆུང་ས་ནས་རྒྱལ་ཁབ་སོ་སོའི་ནང་སྐྱབས་བཅོལ་ཞུས་ཟིན་པའི་མི་སྣ་དག་གི་ཡིག་ཆ་ཚུན་ཆད་ཀྱི་ཐོག་ནས་ཞུ་གཏུག་བྱས་ཏེ་སྐྱབས་བཅོལ་གྱི་ཐོབ་ཐང་འཕྲོག་པ་བྱུང་ཡོད། ད་དུང་དགྲ་བོ་རྒྱ་དམར་གཞུང་ལས་ཀྱང་བོད་པ་ནང་ཁུལ་དུ་འཁོན་འཛིན་ཆེ་བ་ཡོད་པ་ལྟ་བུའི་རྣམ་པ་འདི་ཡང་མངོན་གསལ་དོད་དུ་སོང་ཡོད་པ་མ་ཟད། ཚང་མས་བཀུར་བཞིན་པའི་མི་སྣ་ཁག་ཅིག་ཀྱང་མངོན་གསལ་དོད་པོས་ཕྱོགས་གཅིག་ཏུ་ཡོད་པའི་རྣམ་འགྱུར་སྟོན་བཞིན་ཡོད།
མདོར་ན་ད་ལྟའི་ཆར་རྒྱལ་སྤྱིའི་ཁྱོན་ཡོངས་དང་གནས་ཡུལ་རྒྱ་གར་གཞུང་ཕྱོགས་གང་ཐད་ནས་བོད་དོན་འཐབ་རྩོད་ཀྱི་ཐོག་ལ་གོ་སྐབས་ཧ་ཅང་ཆེན་པོ་ཡོད་པ་དེ་དམ་འཛིན་བྱ་རྒྱུར་ཕྱོགས་ཡོངས་ནས་འབད་བརྩོན་བྱེད་མ་ཐུབ་ན། རྙེད་དཀའ་བའི་གོ་སྐབས་འདི་ལྟ་བུ་ཞིག་མ་འོངས་པར་ཡོང་རྒྱུ་ཧ་ཅང་ཁག་པོ་ཡིན་པ་དང་། འདས་པའི་མི་ལོ་དྲུག་ཅུ་ལྷག་གི་རིང་གོ་སྐབས་འདི་འདྲ་ཞིག་གཏན་ནས་བྱུང་མྱོང་མེད། ད་ལྟ་བོད་དོན་འཐབ་རྩོད་ཀྱི་ཁ་ཕྱོགས་བསྒྱུར་ཐུབ་ན་རྩ་དོན་འཐབ་རྩོད་ཀྱི་ཐོག་ནས་རྡོག་རྩ་གཅིག་སྒྲིལ་ཡོང་བར་ཕན་ཐོགས་ཆེན་པོ་ཡོང་ངེས་རེད་ལ། བོད་པའི་སྤྱི་ཚོགས་ནང་འཆི་ལ་ཉེ་བའི་རྩ་དོན་འཐབ་རྩོད་ཀྱི་མེ་སོན་དེ་གསོ་རྒྱུའི་འགན་དབང་གཙོ་བོ་བོད་མིའི་སྒྲིག་འཛུགས་ལ་ཡོད་པ་དང་། དེ་ལ་ཕྱི་ཡི་རྒྱབ་སྐྱོར་དགོས་པ་གལ་ཆེན་པོ་ཡིན་པ་མ་ཟད། ནང་གི་འཆར་གཞི་དང་སེམས་ཤུགས་དེ་གཙོ་བོ་ཡིན། བོད་མི་རྣམས་ཀྱི་སེམས་ལ་བོད་དོན་འཐབ་རྩོད་ཀྱི་བསམ་བློ་དེ་བརླག་སོང་ན། བོད་དོན་འཐབ་རྩོད་དེ་ཡོངས་སུ་བརླག་སོང་བ་རེད། བོད་མི་མི་རེ་ངོ་རེ་བཞིན་བསམ་བློའི་ནང་འཐབ་རྩོད་ཀྱི་མེ་ལྕེ་གྱེན་དུ་འབར་བ་ཞིག་བཟོ་ཐུབ་ན་རྩ་དོན་རྒྱུན་གནས་ཡོང་ངེས་སུ་གྱུར་ཡོད།།