འགྱུར་བ་དང་གོ་སྐབས།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༥༩ ཕྱི་ལོ་ ༢༠༡༧/༨ /༡༦
བོད་ཀྱི་གནས་སྟངས་ཛ་དྲག་ནས་དྲག་ཏུ་འགྲོ་བཞིན་ཡོད་པ་དང་། བོད་པ་ཞིག་ཡིན་ཕྱིན་ཆད་ནས་དེ་ལ་སེམས་ཁྲལ་དང་དོ་སྣང་མི་བྱེད་ཀ་མེད་དུ་གྱུར་ཡོད། ད་ལྟའི་དུས་འདིར་བོད་མི་མང་པོ་ཞིག་འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་དུ་མ་རུ་གནས་སྡོད་བྱས་ཡོད་ཀྱང་། རྩ་བའི་ཆ་ནས་བོད་མི་བརྒྱ་ཆ་༩༨ ཙམ་བོད་ནང་དུ་གནས་སྡོད་བྱས་ཡོད་སྟབས། མ་འོངས་པར་བོད་ཀྱི་གནས་སྟངས་ག་འདྲ་ཞིག་ཏུ་འགྲོ་དགོས་མིན་དེ་གཙོ་བོ་གཞིས་བཞུགས་བོད་རིགས་རྒྱ་ཆེའི་མི་མང་གི་བསམ་བློ་དང་འདོད་པ་ལ་རག་ལས་ཡོད། འོན་ཀྱང་༧གོང་ས་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་མི་དང་། བོད་མིའི་སྒྲིག་འཛུགས་ལ་མཚོན་ན་གཞིས་བཞུགས་རྒྱ་ཆེའི་མི་མང་རྣམས་ལ་རང་དབང་གཏན་ནས་མེད་པའི་སྐབས་འདིར། བོད་ནང་གི་གནས་སྟངས་རྒྱལ་སྤྱིའི་སྟེང་དུ་བརྗོད་མཁན་དང་། རྒྱ་གཞུང་ལ་རྩོད་མཁན་རང་དབང་ཅན་གྱི་མགྲིན་ཚབ་པ་ཞིག་ཏུ་གྱུར་ཡོད་པ་རེད། དེ་ཡང་བཙན་བྱོལ་བོད་མི་རྣམས་ཀྱིས་གང་འདོད་དུ་བོད་ནང་བཞུགས་པའི་བོད་མི་རྣམས་ཀྱི་མགྲིན་ཚབ་པ་ཡིན་ཞེས་བརྗོད་པ་ཙམ་མ་ཡིན་པར། གཞིས་བྱེས་གཉིས་ཀྱི་འབྲེལ་ལམ་དང་ཡིད་ཆེས་ཀྱི་གནས་སྟངས་ཐོག་ནས་འགན་ཁུར་དེ་ལས་གཡོལ་ཐབས་གཏན་ནས་མེད།
ད་ལྟའི་ཆར་རྒྱ་དམར་གཞུང་གི་གནས་སྟངས་ལ་རགས་ཙམ་བལྟས་ན་ཕྱི་ནས་ཡར་རྒྱས་ཀྱི་རྣམ་པ་ཡོད་ཀྱང་། དོན་དུ་རྒྱ་ནག་རྒྱལ་ཡོངས་སུ་དཔལ་འབྱོར་གྱི་ཐོག་ནས་དབུལ་ཕྱུག་གི་བར་ཁྱད་ཆེན་པོ་ཡོད་པ་དང་། ཆབ་སྲིད་ཀྱི་ཐོག་ནས་མི་མང་ལ་རང་དབང་གཏན་ནས་མེད་པའི་གནས་སྟངས་ཡོད་པ་ཙམ་དུ་མ་ཟད། མི་རིགས་ཕན་ཚུན་བར་གྱི་འགལ་ཟླ། ལྐོག་ཟ་རུལ་སུངས་ཀྱི་གནད་དོན། ལྷག་པར་དུ་དཔོན་རིགས་ནང་ཁུལ་གྱི་འགལ་ཟླ་སོགས་རྒྱ་ནག་ནང་འགལ་ཟླ་སྣ་ཚོགས་ཤིག་ཆུ་ཁོལ་ཁོལ་དང་། མེ་འབར་འབར་བྱས་ནས་བསྡད་ཡོད། དེར་བརྟེན་རྒྱ་ནག་གི་གནས་སྟངས་དེ་སྲ་བརྟན་འགྱུར་བ་མེད་པ་ཞིག་ཡིན་མི་སྲིད་པ་ཙམ་དུ་མ་ཟད། ཅིག་བྱས་ན་ཕྱི་ཟླ་དགུ་པའི་ནང་འཚོག་འཆར་ཡོད་པའི་དམར་ཤོག་གི་ཚོགས་ཆེན་བཅུ་དགུ་པའི་གཡས་གཡོན་དུ་རྙོག་གྲ་ཆེན་པོ་ཞིག་ཡོང་རྒྱུའི་ཉེན་ཁའང་མེད་པ་གཏན་ནས་མ་རེད། དེར་བརྟེན་ད་ལྟ་བོད་དེ་རྒྱ་ནག་གི་དབང་བསྒྱུར་འོག་ཡོད་ཀྱང་། དུས་ནམ་ཡང་བོད་རྒྱ་ནག་གི་དབང་བསྒྱུར་འོག་ཏུ་གནས་དགོས་མིན་དེ་བོད་མི་རིགས་ཀྱི་ཆོད་སེམས་དང་སྙིང་སྟོབས། མ་འོངས་པའི་ཕུགས་བསམ་དང་འཆར་གཞི་བཅས་ལ་རག་ལས་ཡོད།
རྒྱ་ནག་ཁྱོན་ཡོངས་ཀྱི་གནས་སྟངས་ཐོག་ནས་བཤད་ན་ཤར་ཏུར་ཀི་སི་ཐན་གྱི་ངོས་ནས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་མང་པོ་བྱུང་ཡོད་པ་དང་། བོད་ནང་དུ་སྔ་རྗེས་སུ་གཞི་རྒྱ་ཆེ་བའི་ལས་འགུལ་མང་པོ་བྱུང་ཡོད་པ་མ་ཟད། བོད་མི་བརྒྱ་དང་ལྔ་བཅུ་ཙམ་གྱིས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད། ཧོང་ཀོང་ནང་རྒྱ་དམར་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་བར་མ་ཆད་དུ་བྱུང་དང་ཡོང་བཞིན་ཡོད་ལ། ཧོང་ཀོང་ལ་རང་བཙན་དགོས་པའི་བསམ་ཚུལ་འདོན་མཁན་ཡང་མང་དུ་འགྲོ་བཞིན་ཡོད་པའི་གནས་ཚུལ་ཡོང་གི་ཡོད། དེ་བཞིན་ད་ལྟའི་ཆར་ཐའེ་ཝན་མི་མང་གི་ངོས་ནས་ཚད་མཐོའི་རྒྱབ་སྐྱོར་ཐོག ཐའེ་ཝན་རང་བཙན་དགོས་པའི་ལངས་ཕྱོགས་འཛིན་མཁན་མང་གཙོ་ཡར་ཐོན་ཚོགས་པས་གཞུང་འཛིན་གྱི་ཡོད་པ་སོགས། རྒྱ་གཞུང་གི་སེམས་ལ་ཁུར་པོ་ལྟ་བུར་གྱུར་པའི་གནས་སྟངས་སྣ་ཚོགས་ཤིག་ཡོད་པ་འདི་དག་གི་ཐོག་ནས་ཀྱང་། མ་འོངས་པར་རྒྱ་ནག་ནང་འགྱུར་ཟློག་ཆེན་པོ་ཞིག་འགྲོ་རྒྱུའི་གོ་སྐབས་ཡོད་སྲིད་པར་རེ་བ་རྒྱག་ཆོག་པ་ཙམ་དུ་མ་ཟད། རེ་བ་དེ་ངེས་པར་དུ་རྒྱག་དགོས་པ་ཞིག་ཀྱང་རེད།
བོད་པའི་ངོས་ནས་ཀྱང་གནས་སྟངས་འདི་དག་ལ་མུ་མཐུད་དུ་ཁོག་རྩིས་ཤིག་རྒྱག་དགོས་པ་དེ་ཧ་ཅང་གལ་ཆེན་པོར་གྱུར་ཡོད། འཆར་གཞི་དང་དམིགས་ཡུལ་མེད་ན་གོ་སྐབས་གསེར་ནག་འདྲ་བ་མང་པོ་ཐོབ་ཀྱང་དམ་འཛིན་མི་ཐུབ་པར་འཐུས་ཤོར་དུ་སོང་བ་མང་པོ་ཡོད། དཔེར་ན་ཕྱི་ལོ་༡༩༤༥ ལོར་མཉམ་འབྲེལ་རྒྱལ་ཚོགས་གསར་འཛུགས་བྱས་པའི་རྗེས་སུ་བོད་དེའི་ཁོངས་སུ་འཛུལ་རྒྱུའི་གོ་སྐབས་ཡོད་ནའང་། རྭ་སྟག་གི་དོན་རྐྱེན་ལ་མགོ་འཁོར་ནས་འཐུས་ཤོར་དུ་སོང་བ་དང་། ཕྱི་ལོ་༡༩༤༧ ལོའི་ཨེ་ཤི་ཡའི་ཚོགས་ཆེན་དང་། ཕྱི་ལོ་༡༩༤༨ ལོ་རྒྱ་གར་གྱི་སྲིད་བློན་ནེ་ཧ་རུས་བོད་གཞུང་ལ་རྒྱ་ནག་ནས་ཉེན་ཁ་ཡོད་པའི་དྲན་སྐུལ་བཏང་བ་དེ་ནི། བོད་པ་ཆབ་སྲིད་ཀྱི་ཐོག་ནས་གཉིད་སད་པའི་གོ་སྐབས་ཡག་ཤོས་གཉིས་ཡིན་ཡང་། ཉན་འཇོག་མ་བྱས་པར་ང་ཚོ་ལ་ཉེན་ཁ་མེད་ཅེས་བརྗོད་པ་ནི། ད་ལྟ་བསམ་ཡང་སྙིང་རླུང་ལང་དགོས་པ་ཞིག་ཏུ་གྱུར་ཡོད། རྒྱ་ནག་དམར་ཤོག་གིས་རྒྱ་ནག་དབང་བསྒྱུར་བྱས་པའི་རྗེས་སུ་རིང་པོར་མ་ཐོགས་པར་དོན་ཚན་བཅུ་བདུན་ཟེར་བ་འཇོག་དགོས་བྱུང་བ་ནི། གཙོ་བོ་གོ་སྐབས་དེ་དག་འགོག་ཆེད་དུ་རེད།
མདོར་ན་གོང་དུ་བརྗོད་པ་བཞིན་བོད་དང་བོད་མི་རིགས་ཀྱི་གནས་སྟངས་གང་དུ་བསྐྱོད་དགོས་མིན་དེ་གཙོ་བོ་གཞིས་བཞུགས་རྒྱ་ཆེའི་མི་མང་གི་མངོན་འདོད་ལ་རག་ལས་པ་ལས། བཙན་བྱོལ་ནང་དུ་ཡོད་པའི་བོད་མི་ཁོ་ནས་ཐག་གཅོད་བྱེད་ཐུབ་པ་ཞིག་མིན་ཡང་། ད་ལྟ་བོད་ནང་དུ་ཆབ་སྲིད་ཀྱི་དམ་དྲག་དང་། ཤེས་ཡོན་གྱི་ཐོག་ནས་གཞན་བསྒྱུར། དཔལ་འབྱོར་གྱི་ཐོག་ནས་གཞན་བརྟེན་ཅན་དུ་སྒྱུར་བཞིན་པའི་གནས་སྟངས་འདི་དག་ལ་བརྟེན་ནས། རང་དབང་ལུང་པ་རུ་ཡོད་པའི་བོད་མིའི་སྒྲིག་འཛུགས་དང་། བཙན་བྱོལ་བོད་མི་རྣམས་ཀྱིས་༧གོང་ས་མཆོག་ཞལ་བཞུགས་པའི་སྐབས་ནས་གྲ་སྒྲིག་འཐུས་ཚང་ཞིག་བྱས་ནས་གདོང་ལེན་བྱེད་མ་ཐུབ་ན། མ་འོངས་པར་ཡོང་སྲིད་པའི་གོ་སྐབས་དག་ཀྱང་འཆོར་ངེས་པ་རེད། དེར་བརྟེན་༧གོང་ས་མཆོག་གིས་“རེ་བ་བཟང་ས་ནས་བརྒྱབ། གྲ་སྒྲིག་སྡུག་ས་ནས་བྱེད་”ཅེས་གསུངས་པ་བཞིན། རྒྱ་གཞུང་གིས་ཅིག་གནང་ཡོང་རྒྱུ་ཁོ་ན་ལ་སྒུག་པ་ཙམ་མ་ཡིན་པར། རེ་བ་རྒྱ་ཆེ་ས་ནས་རྒྱག་མ་ཐུབ་ན་མ་འོངས་པར་འགྱོད་པ་སྐྱེ་དགོས་པའི་དུས་ཚོད་ཅིག་ཏུ་སླེབས་ངེས་རེད།།