འགྱུར་བཞིན་པའི་རིན་ཐང་ལྟ་བ།

ཆེད་བརྗོད།

བྱ་དངོས་གང་ཡིན་ཡང་དེ་ལ་མི་སོ་སོའི་ངོས་འཛིན་བྱེད་པའི་ལྟ་སྟངས་མི་འདྲ་བ་དང། དེ་ལ་བརྟེན་ནས་རིན་ཐང་གི་ལྟ་བ་སོགས་ཀྱང་མི་འདྲ་བ་སྣ་ཚོགས་མཆིས། མི་མི་འདྲ་བ་དང་སྤྱི་ཚོགས་མི་འདྲ་བའི་ངོས་ནས་རིན་ཐང་ལྟ་བ་སྣ་ཚོགས་ཡོད་པ་ཙམ་དུ་མ་ཟད། མི་རེ་རེ་བཞིན་ལོ་ཁ་ཤས་རེའི་ནང་ལྟ་སྟངས་མི་འདྲ་བ་ལ་བརྟེན་ནས་མཐོང་ཚུལ་མི་འདྲ་བ་དང་དེ་ལ་བརྟེན་ནས་རིན་ཐང་ལྟ་བར་ཡང་འགྱུར་ལྡོག་མང་པོ་འགྲོ་བཞིན་ཡོད། ཆེ་ས་ནས་རྒྱལ་ཁབ་དང་མི་རིགས་ཀྱི་ངོས་ནས་བཤད་ཀྱང་རིན་ཐང་གི་ལྟ་བར་དུས་ཀྱི་དགོས་མཁོ་དང་བསྟུན་ནས་འགྱུར་ལྡོག་འགྲོ་བཞིན་པ་ལྟར། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། “འདི་ཡིན་འཕྲོ་ལ་དེ་མིན་གཞན་ཞིག་འོང་།། སེམས་ཀྱིས་བསླུས་པ་གྲངས་ཀྱིས་ག་ལ་ཆོད།།”ཅེས་གསུངས་པ་བཞིན་འགྱུར་ལྡོག་སྣ་ཚོགས་འགྲོ་བཞིན་ཡོད། ད་ལྟའི་དུས་འདིར་འཛམ་གླིང་སྤྱི་ཡོངས་དང་ལྷག་པར་དུ་སྔོན་མ་ནུབ་ཕྱོགས་སུ་གལ་ཆེན་པོར་འཛིན་པའི་འགྲོ་བ་མིའི་ཐོབ་ཐང་གི་ལྟ་བ་དང་། མི་རིགས་རིང་ལུགས་སྤང་དགོས་པའི་ལྟ་བ་སོགས་དར་ཁྱབ་བྱུང་ཡོད།
ད་ལྟ་རྒྱལ་ཁབ་སོ་སོའི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་རིན་ཐང་གི་ལྟ་བ་ལ་འགྱུར་ལྡོག་འགྲོ་བཞིན་པ་དང་། སྔོན་མ་དང་འདྲ་བར་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་གནད་དོན་ཁོ་ན་རྩོད་གླེང་བྱ་རྒྱུའི་བསམ་བློ་བཏང་ན་དེ་ལ་རིན་ཐང་བརྩི་མཁན་ཉུང་དུ་འགྲོ་གི་ཡོད་པའི་རྣམ་པ་ཡོད། སྔོན་མ་རྡུལ་ཕྲན་མཚོན་ཆར་བཀག་སྡོམ་བྱ་རྒྱུའི་དར་སྲོལ་བྱུང་ཡོད་ནའང་། འདས་མ་ཐག་པའི་ལོ་འདིར་ར་ཤི་ཡས་ཡུཀ་རན་ལ་བཙན་འཛུལ་བྱས་ནས་དམར་གསོད་དང་གཏོར་བཤིག་ཚབས་ཆེ་གཏོང་བཞིན་པ་མ་ཟད། འདས་པའི་ཟླ་བ་བཅུ་ལྷག་རིང་དམག་འཁྲུག་དེའི་བརྒྱུད་རིམ་དང་འབྲེལ་འཛམ་གླིང་སྤྱི་ཡོངས་ནས་དམག་འཁྲུག་དང་གོ་མཚོན་གྱི་དགོས་མཁོའི་ཐད་རིན་ཐང་ལྟ་བ་ལ་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད་ཅིང་། སྔོན་མ་དགག་བྱ་ཤུགས་ཆེ་བྱ་ཡུལ་གྱི་གནད་དོན་མང་པོ་ཞིག་ད་ལྟའི་ཆར་བླང་བྱ་ཉག་གཅིག་ཡིན་པའི་ལྟ་ཚུལ་ཡོང་བཞིན་པས། འཛམ་གླིང་གི་འགྱུར་ལྡོག་དང་བསྟུན་མ་ཐུབ་ན་བོད་དོན་འཐབ་རྩོད་ཀྱི་ཐོག་ལའང་ནུས་པ་འཐོན་ཁག་པོར་གྱུར་ཡོད།
རྒྱ་ནད་༡༩ པ་ཁྱབ་བརྡལ་མ་བྱུང་བའི་སྔོན་དང་རྒྱ་གཞུང་གི་གདོང་རིས་ངོ་མ་འཛམ་གླིང་སྤྱི་ལ་གསལ་པོ་མ་ཆགས་པའི་སྔོན་ལ། འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་མང་པོ་ཞིག་གིས་རྒྱ་ནག་ནི་དཔལ་འབྱོར་གྱི་ནུས་ཤུགས་ཆེན་པོ་ཡོད་པའི་རྒྱལ་ཁབ་ཅིག་དང་། མི་འབོར་མང་ཞིང་ཁྲོམ་ར་ཆེ་ཤོས་ཤིག་ཏུ་གྱུར་ཡོད་ཅིང་བསྟུན་མཁས་འབའ་ཞིག་བྱེད་བཞིན་ཡོད་པས། བོད་དོན་འཐབ་རྩོད་ཀྱི་ཐོག་ནས་བཤད་ཀྱང་བོད་རང་བཙན་དང་། རྒྱ་ནག་གཞུང་ལ་ཕོག་ཐུག་ཆེན་པོ་འགྲོ་བའི་ལངས་ཕྱོགས་བཟུང་ན་རྒྱལ་སྤྱིའི་ཁྱོན་འདིར་བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་དཀོན་པོ་ཡིན་ནའང། རྒྱ་ནད་༡༩ པ་དར་ཁྱབ་བྱུང་བའི་སྔ་རྗེས་ཙམ་ནས་བཟུང་འཛམ་གླིང་ཤར་ནུབ་ཀྱི་ཁོར་ཡུག་ཀུན་ཏུ་རྒྱ་གཞུང་ལ་ལྟ་སྟངས་སྡུག་ཏུ་སོང་ཡོད་པ་མ་ཟད། ལོ་འདིར་ར་ཤི་ཡས་ཡུཀ་རན་ལ་བཙན་འཛུལ་བྱས་པ་ནས་བཟུང་།རྒྱ་དམར་གཞུང་ར་ཤི་ཡའི་ཕྱོགས་སུ་ལངས་པའི་རྒྱུ་མཚན་ལ་བརྟེན། ད་ཆ་རྒྱ་ནག་དང་ཁ་གཏད་རང་གི་ཐོག་ནས་ལངས་ཕྱོགས་བརྟན་པོ་བཟུང་ན་བོད་དོན་ལ་རྒྱབ་སྐྱོར་སྔར་ལྷག་ཡོང་ངེས་རེད།
སྤྱིར་བོད་དོན་འཐབ་རྩོད་ཀྱི་ལངས་ཕྱོགས་ནི་རྒྱལ་སྤྱིའི་རྒྱབ་སྐྱོར་ཁོ་ན་དང་བསྟུན་ནས་ཡང་ཡང་འགྱུར་བ་གཏོང་དགོས་པ་ཞིག་མིན་ཡང་། བོད་པས་ངོ་ཚ་ཁྲེལ་གཞུང་དང་བྲལ་བའི་དགྲ་བོ་རྒྱ་དམར་གཞུང་ལ་བསྟུན་མཁས་བྱས་ནས་ང་ཚོ་འཐོབ་བྱ་ག་རེ་ཡོད་མེད་ནི། ཕྱི་ལོ་༡༩༧༩ ནས་བཟུང་ཕྱི་ལོ་༢༠༢༣ བར་མི་ལོ་༤༤ རིང་གི་ཉམས་མྱོང་ལ་བལྟས་ན་ཤེས་ཐུབ་པས། ད་ལྟའི་དུས་འདིར་རྒྱལ་སྤྱིའི་ཐོག་རྒྱ་ནག་ལ་འཛིན་པའི་ཁ་ཕྱོགས་དང་། བོད་དོན་འཐབ་རྩོད་ཀྱི་མ་འོངས་པར་བོད་མི་རིགས་དང་བོད་རྒྱལ་ཁབ་ལ་ཁ་ཡོད་ལག་ཡོད་ཀྱི་དགོས་མཁོ། བཙན་བྱོལ་བོད་མི་རྣམས་ཀྱི་འཐབ་རྩོད་ཀྱི་ནུས་པ་གོང་འཕེལ་བཅས་ལ་དམིགས་ནས་ད་ལྟའི་ཁ་ཕྱོགས་འདི་ལ་འགྱུར་བ་ཆེན་པོ་ཞིག་གཏོང་དགོས་པ་དང་། དེ་ཡང་༧གོང་ས་མཆོག་ཞལ་བཞུགས་པའི་སྐབས་འདིར་འགྱུར་བ་ཆེན་པོ་ཞིག་གཏོང་དགོས་པ་གལ་ཆེན་པོར་གྱུར་ཡོད་པས། ད་དུང་ཡང་རྒྱ་གཞུང་ཁོ་ན་ལ་བསྟུན་བསྡད་ན་རྒྱལ་སྤྱིའི་ཐོག་བོད་དོན་རྒྱབ་སྐྱོར་ཉུང་དུ་འགྲོ་རྒྱུའི་ཉེན་ཁ་ཡོད།
མདོར་ན་དུས་ཀྱི་འགྱུར་འགྲོས་དང་མི་རིགས་ཀྱི་དགོས་མཁོ་དང་བསྟུན་ནས་རིན་ཐང་གི་ལྟ་བ་ལ་འགྱུར་ལྡོག་སྣ་ཚོགས་ཡོང་གི་ཡོད་པ་དང་། གང་དུ་འགྱུར་བ་འགྲོ་བཞིན་པའི་རིན་ཐང་གི་ལྟ་བ་དེ་ཡང་རྟག་བརྟན་མི་འགྱུར་བའི་གནས་སྟངས་ཤིག་གཏན་ནས་མིན་ཡང་། དུས་ཀྱི་འགྱུར་བ་དང་དགོས་མཁོ་ལ་བསྟུན་ཐུབ་ན་བོད་ནང་དུ་ཡོད་པའི་བོད་མི་རྣམས་རྒྱ་མི་རིགས་ཀྱི་ངོ་བོར་འགྱུར་འགྲོ་བ་དང་། བོད་ཀྱི་ཆོས་དང་རིག་གནས་ཀྱང་རྒྱ་ནག་ཅན་དུ་འགྱུར་འགྲོ་བ། བཙན་བྱོལ་བོད་མི་རྣམས་ཀྱང་ཡུལ་ལུང་སོ་སོའི་ནང་དུ་ཐིམ་ནས་བོད་པའི་ངོ་བོ་བརླག་རྒྱུ་ཉག་གཅིག་ཡིན་པས། ད་ལྟའི་བཙན་བྱོལ་ནང་བོད་ཀྱི་ཆོས་དང་རིག་གནས་རྩ་བརླག་མི་འགྲོ་བ་དང་། བོད་དོན་འཐབ་རྩོད་ཀྱི་བསམ་བློ་མུ་མཐུད་གནས་ཐུབ་ཆེད་དུ་རྒྱལ་སྤྱིའི་རྒྱབ་སྐྱོར་དགོས་པ་དེ་གལ་ཆེན་པོ་ཡིན་པས། དེའི་ཐོག་ལ་བསམ་བློ་དང་གྲ་སྒྲིག་བྱ་རྒྱུའི་དུས་ལ་བབ་ཡོད། མ་འོངས་པར་རྒྱལ་སྤྱིའི་ཁོར་ཡུག་ལ་འགྱུར་བ་འགྲོ་སྲིད་ཀྱང་། ད་ལྟ་ཡོད་པའི་གོ་སྐབས་དེ་ཤོར་ན་ཧ་ཅང་ཕངས་པོ་རེད་སྙམ།།

Share this:

Leave a Reply