འགྱུར་བའི་རྗེས་ཀྱི་གོ་སྐབས།
ཆེད་བརྗོད།
ཕྱི་ལོ་༢༠༢༢ ཟླ་༢ ཚེས་༢༤ ཉིན་ཨུ་རུ་སུས་ཡུག་རེན་ལ་བཙན་འཛུལ་འགོ་འཛུགས་བྱས་པ་དང་། ཡུག་རེན་གྱི་ངོས་ནས་དེ་ལ་འགོག་རྒོལ་དང་ཁ་གཏད་གདོང་ལེན་གྱི་དམག་འཁྲུག་བྱས་ནས་མི་ལོ་ཧྲིལ་པོ་གཅིག་འཁོར་ཟིན་ལ། འདས་པའི་ལོ་གཅིག་རིང་གི་དུས་ཚོད་ལ་ཕྱི་མིག་ཅིག་བལྟས་ན་དམིགས་བསལ་གྱི་འགྱུར་བ་མང་དག་ཅིག་ཕྱིན་ཡོད། ད་ལྟའི་ཆར་དམག་འཁྲུག་དེ་ལ་བརྟེན་ནས་རྒྱལ་སྤྱིའི་ཁྱོན་ཡོངས་སུ་སྔར་དང་མི་འདྲ་བའི་འགྱུར་ལྡོག་ཆེན་པོ་ཞིག་འགྲོ་འགོ་ཚུགས་ནས། ཨ་རི་དང་ཡུ་རོབ་སོགས་མཐུན་ཕྱོགས་རྒྱལ་ཁབ་ཁག་གིས་ཡུག་རེན་ལ་གོ་མཚོན་དང་། དཔལ་འབྱོར་སོགས་ཀྱིས་རོགས་རམ་ཕོན་ཆེ་སྤྲད་དང་སྤྲོད་བཞིན་ཡོད་ལ། ཨུ་རུ་སུ་ལ་རྒྱ་ནག་དང་བྱང་ཀོ་རི་ཡ། ཨི་རན་སོགས་མཐུན་ཕྱོགས་རྒྱལ་ཁབ་ཁག་གིས་ཀྱང་རོགས་རམ་བྱེད་བཞིན་ཡོད་པས། མི་རིང་བའི་ཆར་རྒྱལ་སྤྱིའི་ཁྲོད་ཨ་རིས་སྣེ་ཁྲིད་པའི་བྱང་ཆིངས་དོན་སྒྲིག་འཛུགས་(The North Atlantic Treaty Organization)དང་། ཨུ་རུ་སུའི་དབར་དམག་འཁྲུག་འཆོར་རྒྱུའི་ཉེན་ཁ་ཆེན་པོ་ཡོད།
དམག་འཁྲུག་དེ་ལ་བརྟེན་ནས་འཛམ་གླིང་ཁྱོན་ཡོངས་སུ་ཕྱོགས་གཏོགས་ཀྱི་རྣམ་པ་ཤུགས་ཆེ་རུ་སོང་ཡོད་པ་དང་། འཛམ་གླིང་ཁྱོན་ཡོངས་སུ་གོ་མཚོན་གྱི་རིན་ཐང་དང་། ལྷག་པར་དུ་རྡུལ་ཕྲན་མཚོན་ཆ་དགོས་གལ་ཆེ་བའི་གལ་གནད་སོགས་ཕྱོགས་གང་ཐད་ནས་འགྱུར་བ་ཆེན་པོ་ཕྱིན་ནས། ད་ལྟའི་ཆར་ཨ་རི་དང་། ཨུ་རུ་སུས་གཙོས་པའི་གོ་མཚོན་བཟོ་སྐྲུན་བྱེད་མཁན་གྱི་རྒྱལ་ཁབ་མང་པོ་ཞིག་ལ་གོ་མཚོན་ཚོང་ལས་ཀྱི་ཐོག་ནས་ཡར་རྒྱས་ཆེན་པོ་འགྲོ་བཞིན་པའི་གནས་ཚུལ་འདུག ལྷག་པར་དུ་སྔོན་མ་ཡུག་རེན་ལ་རྡུལ་ཕྲན་མཚོན་ཆ་ཧ་ཅང་ཕོན་ཆེ་ཡོད་ཀྱང་། ཕྱིས་སུ་ཨ་རི་དང་། ཨུ་རུ་སུའི་ཁ་ལ་ཉན་ནས་རྡུལ་ཕྲན་མཚོན་ཆ་མེད་པར་བཟོས་ནས་ད་ལྟའི་ཆར་ཡུག་རེན་ནི་རྡུལ་ཕྲན་མཚོན་ཆ་མེད་པའི་རྒྱལ་ཁབ་ཅིག་ཡིན་པས། ཨུ་རུ་སུས་ཐེ་ཚོམ་གང་ཡང་མེད་པར་དཔུང་འཇུག་ཐུབ་པའི་རྒྱུ་མཚན་གཙོ་བོ་གཅིག་འདི་ལ་བརྟེན་ནས་བྱུང་ཞིང་། དཔེར་ན་བྱང་ཀོ་རི་ཡར་སྡང་ཞེན་བྱེད་མཁན་གྱི་རྒྱལ་ཁབ་མང་པོ་ཡོད་ཀྱང་། ལམ་སེང་དཔུང་འཇུག་མི་ཐུབ་པའང་རྡུལ་ཕྲན་མཚོན་ཆ་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས་བྱུང་ཡོད།
འཁྲུག་ཆེན་གཉིས་པའི་སྐབས་འཛམ་གླིང་ཁྱོན་ཡོངས་ལ་གོད་ཆག་ཆེན་པོ་བྱུང་ཡོད་པ་དང་། དམག་འཁྲུག་མཚམས་འཇོག་བྱས་པའི་རྗེས་སུ་མཉམ་འབྲེལ་རྒྱལ་ཚོགས་གསར་འཛུགས་ཀྱིས་རྒྱལ་ཁབ་ཆེ་ཆུང་མང་པོ་ཞིག་དེའི་ནང་དུ་འཛུལ་ཞུགས་བྱས་ཡོད། དེའི་རྗེས་སུ་དེ་སྔོན་འཁྲུག་ཆེན་དང་པོ་དང་། གཉིས་པའི་སྐབས་ཀྱི་དགོས་མཁོ་དང་རིན་ཐང་གི་ལྟ་བ་ལ་འགྱུར་བ་ཆེན་པོ་ཕྱིན་ནས་འཚེ་མེད་ཞི་བདེ་དང་། འགྲོ་བ་མིའི་ཐོབ་ཐང་། གོ་ལ་གཅིག་གྱུར་གྱི་ལྟ་བ་འཛིན་དགོས་པ་ལས། མི་རིགས་རིང་ལུགས་ཀྱི་ལྟ་བ་ལ་མི་འདོད་པའི་རྣམ་འགྱུར་ཤུགས་ཆེ་རུ་སོང་ཡོད། འོན་ཀྱང་འཁྲུག་ཆེན་གཉིས་པ་མཚམས་བཞག་ནས་མི་ལོ་བརྒྱད་ཅུ་ལ་ཉེ་བའི་དེ་རིང་། སླར་ཡང་དམག་འཁྲུག་དང་གོ་མཚོན་མེད་ན། སྟོབས་ཆེ་བས་ཆུང་བར་བཙན་འཛུལ་བྱེད་སྲིད་པའི་ཉེན་ཁ་ཡོད་པས། དམག་དཔུང་དང་གོ་མཚོན་ནི་གལ་གནད་ཆེན་པོར་བརྩི་བ་དང་། མཐུན་ཕྱོགས་རྒྱལ་ཁབ་ཁག་གིས་ཕན་ཚུན་མངོན་གསལ་དོད་པོས་དཔུང་སྒྲིག་བྱས་ནས་གཞན་ལ་འཇིགས་སྐུལ་བྱེད་བཞིན་པའི་དུས་ཚོད་ཅིག་ཏུ་འགྱུར་བཞིན་འདུག
འཛམ་གླིང་ཁྱོན་ཡོངས་ནས་འཇིགས་སྐུལ་རིང་ལུགས་པར་ངོས་འཛིན་བྱས་པའི་ཐ་ལི་བྷན་ཤོག་ཁག་གིས་ཨབ་གྷ་ནི་སི་ཐན་གྱི་སྲིད་གཞུང་བཙན་འཕྲོག་བྱས་ཡོད་ནའང་། སྟོབས་ཆེན་རྒྱལ་ཁབ་མང་པོ་ཞིག་གིས་ཐ་ལི་བྷན་ཚོགས་པས་འགོ་ཁྲིད་འོག་ཡོད་པའི་ཨབ་གྷན་སྲིད་གཞུང་ལ་ངོས་འཛིན་དང་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་དང་། འབར་མའི་དྲག་པོའི་ཤོག་ཁག་གིས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཨང་སན་སུ་ཀེ་འཛིན་བཟུང་དང་། མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་སྲིད་གཞུང་བཙན་འཕྲོགས་བྱས་ཀྱང་། དུས་རྒྱུན་མང་གཙོའི་ལམ་ལུགས་གཙིགས་ཆེར་འཛིན་བཞིན་ཡོད་པ་དང་། རྒྱལ་ཁབ་འདི་དང་འདིས་མང་གཙོ་རྡོག་རོལ་གཏོང་གི་འདུག་ཅེས་སྐད་གསེང་མཐོན་པོས་བསྙོན་འཛུགས་བྱེད་མཁན་རྣམས་ཀྱིས་ཀྱང་། གནས་ཚུལ་འདི་དག་ལ་ཅི་ཡང་མི་སྨྲ་བའི་བརྟུལ་བཞུགས་འཛིན་པ་ལས་མང་གཙོའི་ལམ་དུ་བསྐྱོད་མཁན་ལ་འགལ་རྐྱེན་འཕྲད་པར་རོགས་རམ་རྒྱབ་སྐྱོར་གང་ཡང་བྱས་མ་སོང་བས། འཛམ་གླིང་གི་ཁྱོན་ཡོངས་ནས་རིན་ཐང་གི་ལྟ་བ་ལ་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད།
མདོར་ན་འཛམ་གླིང་དུ་དམག་ཆེན་གསུམ་པ་ལང་པའི་དབང་དུ་བཏང་ན། ཨ་རི་དང་ཡུ་རོབ་སོགས་མཐུན་ཕྱོགས་རྣམས་ཕྱོགས་གཅིག་ཏུ་བསྒྲིལ་རྒྱུ་དང་། ཨུ་རུ་སུ་དང་རྒྱ་ནག་སོགས་མཐུན་ཕྱོགས་རྣམས་ཕྱོགས་གཅིག་ཏུ་བསྒྲིལ་ནས་དམག་འཁྲུག་བྱ་རྒྱུ་ཡིན་པ་ནི་སྨྲོས་མ་དགོས་པ་རེད། འགྱུར་བ་འདིའི་ཁྲོད་ནས་བོད་དོན་ལ་འཕྲལ་དང་ཕུགས་ཀྱི་ཁེ་ཕན་དང་འབྲེལ་ནས་གོ་སྐབས་ག་རེ་ཡོད་མེད་ད་ལྟ་ནས་རྟོག་ཞིབ་ཁ་གསལ་ཞིག་བྱེད་དགོས། མུ་མཐུད་དུ་རྒྱ་གཞུང་ལ་རེ་བ་བརྒྱབ་ནས་སྡོད་རྒྱུ་ཡིན་ནམ། ཡང་ན་འགྱུར་བ་འདིའི་ཁྲོད་ནས་གོ་སྐབས་གསར་པ་ཞིག་འཚོལ་ཐབས་བྱ་རྒྱུ་ཡིན་སོགས་ལ་གྲ་སྒྲིག་དང་ཞིབ་འཇུག་དང་གྲོས་བསྡུར་བྱ་རྒྱུ་བཅས་ནི་འཕྱི་མི་རུང་བའི་གནད་དོན་གལ་ཆེ་ཞིག་ཏུ་གྱུར་ཡོད་པས། འཛམ་གླིང་དུ་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཞལ་བཞུགས་པའི་དུས་སྐབས་འདིར་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་མ་ལན་མ་འགྱོད་པའི་གྲ་སྒྲིག་ཅིག་བྱེད་མ་ཐུབ་པར་འཐུས་ཤོར་དུ་གྱུར་ན་ལོ་རྒྱུས་ཀྱི་ནག་ཐིག་ཅིག་ཏུ་འགྱུར་ངེས་པ་རེད།།