འགྱུར་ལྡོག་ཁྲོད་ཀྱི་གོ་སྐབས།

བོད་ཀྱི་བང་ཆེན་གསར་ཁང་སྤྱིའི་འདོན་ཐེངས་༡༠༤༠ ཆེད་བརྗོད།

ད་ལྟའི་ཆར་འཛམ་གླིང་ཤར་ནུབ་ཀུན་ཏུ་ཆབ་སྲིད་ཀྱི་ཁ་ཕྱོགས་ལ་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་པ་དང། རྒྱལ་ཁབ་མང་པོ་ཞིག་གི་མཐུན་ཕྱོགས་དང་ལྡོག་ཕྱོགས། འགལ་འབྲེལ་གྱི་གནས་སྟངས་ཚོད་མི་ཐིག་པའི་དུས་ཚོད་ཅིག་ཏུ་གྱུར་ཡོད། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་ཡང་བསྐྱར་སྲིད་སྟེགས་སུ་སླེབས་ནས་ཡ་ཡུད་ཆེ་བའི་བྱེད་སྟངས་མང་པོ་ཞིག་ལ་བརྟེན། འཛམ་གླིང་སྤྱི་ཡོངས་ཀྱི་གནས་སྟངས་མི་འདྲ་བ་ཞིག་ཏུ་འགྱུར་བཞིན་ཡོད་པ་དང། དེ་ལ་བརྟེན་ནས་རང་བཙན་ཡོད་པའི་རྒྱལ་ཁབ་ཁག་གིས་སྲིད་བྱུས་དང་ཁ་ཕྱོགས་ལ་སེམས་འཚབ་ཀྱི་ཐོག་ནས་འགྱུར་བ་གཏོང་གི་ཡོད་པས། མིའི་ལུང་པར་སྐྱབས་བཅོལ་དུ་ཡོད་པའི་བཙན་བྱོལ་བོད་གཞུང་ངམ་བོད་མིའི་སྒྲིག་འཛུགས་ལ་མཚོན་ན་སེམས་འཚབ་མི་བྱེད་ཀ་མེད་ཀྱི་གནས་སྟངས་ཤིག་ཏུ་གྱུར་ཡོད། ཨ་རིའི་གཞུང་གིས་དཔལ་འབྱོར་གྱི་རོགས་རམ་བཀག་སྐྱིལ་བྱས་པ་ལས་ཀྱང། རྒྱལ་སྤྱིའི་ཆབ་སྲིད་ཐད་ཀྱི་རིན་ཐང་ལྟ་བ་ལ་འགྱུར་ལྡོག་འགྲོ་བཞིན་པ་ནི་སེམས་འཚབ་ཆེན་པོ་བྱེད་དགོས་པའི་གནས་སྟངས་ཤིག་ཏུ་མཐོང།

ཨ་རིས་གཙོས་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་མང་པོ་ཞིག་གིས་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང། ཁོར་ཡུག་གི་གནས་སྟངས་སོགས་འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་འགན་ཁུར་ཐོག་དོ་སྣང་དང་རིན་ཐང་ཆུང་དུ་འགྲོ་བཞིན་ཡོད་པས། མ་འོངས་པར་བོད་པ་ལྟ་བུ་རྒྱལ་ཁབ་གཞན་གྱིས་མནར་གཅོད་དང་སྡུག་སྦྱོང་མྱོང་བཞིན་པའི་མི་མང་རྣམས་ལ་རྒྱལ་སྤྱིའི་ཐོག་ནས་དོན་དམ་པའི་རྒྱབ་སྐྱོར་ཞིག་རག་རྒྱུ་ཡིན་མིན་ཐེ་ཚོམ་དུ་འགྱུར་བཞིན་ཡོད། འཛམ་གླིང་དུ་སྟོབས་ཆེ་ཤོས་ཀྱི་རྒྱལ་ཁབ་ཨ་རིས་ཀྱང་སྐྱབས་བཅོལ་བ་ལ་བརྟེན་ནས་དཀའ་ངལ་ཤུགས་རྐྱེན་ངན་པ་དེ་ཙམ་མེད་བཞིན་དུ། མནར་གཅོད་དང་དབྱེ་འབྱེད་མ་བཟོད་པར་སྐྱབས་བཅོལ་དུ་ཡོང་བའི་མི་མང་པོ་ཞིག་བཙན་དབང་གིས་ཕྱིར་འཕུད་བྱེད་བཞིན་ཡོད་པས། མ་འོངས་པར་སྐྱབས་བཅོལ་བ་ལ་བརྟེན་ནས་སྤྱི་ཚོགས་ནང་ཤུགས་རྐྱེན་དང་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པའི་ཡུ་རོབ་རྒྱལ་ཁབ་ཁག་ནས་ཀྱང་ཨ་རིའི་སྲིད་བྱུས་དེར་མིག་དཔེ་བལྟས་ནས་ལག་བསྟར་བྱེད་ངེས་ལྟ་བུར་གྱུར་ཡོད། 

བཙན་བྱོལ་བོད་མི་ལ་མཚོན་ན་དཔལ་འབྱོར་གྱི་རྒྱབ་སྐྱོར་གལ་ཆེན་པོ་ཡིན་པ་སྨྲོས་མེད་ཡིན་ཀྱང། དེ་བས་ཀྱང་གལ་ཆེ་བ་ནི་འགྲོ་བ་མིའི་གཞི་རྩའི་རང་དབང་དང་ཐོབ་ཐང་ཁག་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་མ་བྱུང་ན། རྒྱལ་ཁབ་སོ་སོའི་ཆབ་སྲིད་ཀྱི་ཁེ་ཕན་དང་བེད་སྤྱོད་ལ་བརྟེན་ནས་དཔལ་འབྱོར་གྱི་རོགས་རམ་ཅུང་ཙམ་རག་ཀྱང་གནས་སྐབས་ཙམ་ལས་མཐར་ཐུག་གི་ཁེ་ཕན་ཞིག་ཏུ་འགྱུར་ཐུབ་མིན་ཐེ་ཚོམ་རེད། ལྷག་པར་དུ་ད་བར་མི་ལོ་༦༦ ལྷག་གི་རིང་བོད་དོན་འཐབ་རྩོད་ཀྱི་གཞི་རྩ་གཙོ་བོ་དེ་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་དང་རང་དབང་དགོས་པའི་རྩོད་ལེན་དེ་ཤུགས་ཆེ་བྱས་ཡོད་པ་ལས། བོད་རྒྱལ་ཁབ་ཀྱི་བདག་དབང་སླར་གསོའི་སྐོར་ལ་ནུས་ཤུགས་ཡོངས་རྫོགས་བཏོན་ནས་འཐབ་རྩོད་བྱེད་ཐུབ་མེད། ད་ལྟའི་ཆར་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དེ། སྐབས་རེར་རྒྱལ་ཁབ་སོ་སོའི་ཁེ་ཕན་དང་འབྲེལ་ནས་ཕན་ཚུན་སྐྱོན་བརྗོད་བྱེད་པའི་ལག་ཆ་ཙམ་ལས་དོན་དམ་པའི་རྒྱབ་སྐྱོར་སེམས་ཁུར་བྱེད་ཡུལ་ཞིག་ཏུ་བརྩི་བའི་སྲིད་བྱུས་དེར་འགྱུར་བ་ཆེན་པོ་འགྲོ་བཞིན་ཡོད། 

ཨ་རིའི་གཞུང་གིས་རོགས་རམ་བཀག་སྐྱིལ་བྱེད་སྟངས་ཀྱི་ཐོག་ནས་བལྟས་ཀྱང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ལངས་ཕྱོགས་དང་། སྤྱི་ཚོགས་ཀྱི་ཁ་ཕྱོགས་སོགས་གང་ཐད་ནས་བསམ་བློ་གཏོང་དགོས་པ་དང་བསྐྱར་ཞིབ་བྱེད་དགོས་པ་མང་པོ་ཞིག་མཐོང་གི་འདུག བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ནས་བོད་རང་བཙན་སླར་གསོའི་ལངས་ཕྱོགས་འཛིན་མཁན་བཀྲས་མཐོང་ལྷ་སྒྲོན་གྱིས་སྣེ་ཁྲིད་པའི་བོད་དོན་ལས་འགུལ་བསྟི་གནས་ཁང་ལ་ཨ་རིའི་གཞུང་གིས་རོགས་རམ་མུ་མཐུད་སྤྲད་ཡོད་པ་དང། བོད་མིའི་སྒྲིག་འཛུགས་ལ་རོགས་དངུལ་གནང་བཞིན་པ་ནས་བརྒྱ་ཆ་༨༦ ཙམ་བཀག་སྐྱིལ་བྱས་ཡོད་པ། ཡུ་གུར་གྱི་འཐབ་རྩོད་པ་རྣམས་ལ་མུ་མཐུད་རོགས་རམ་རག་བཞིན་པའི་གནས་སྟངས་བཅས་གང་ལ་བལྟས་ཀྱང་ཨ་རིའི་སྲིད་གཞུང་གི་དགོས་མཁོ་དང་། བོད་མིའི་སྒྲིག་འཛུགས་ཀྱི་རྒྱ་ནག་དང་འབྲེལ་བའི་སྲིད་བྱུས་གཉིས་ཏག་ཏག་ཅིག་ཆ་འཕྲོད་ཀྱི་མེད་པ་གསལ་པོ་རེད། གནད་དོན་འདི་ལ་བརྟེན་འཐབ་རྩོད་ཀྱི་ཁ་ཕྱོགས་ལ་བསྐྱར་ཞིབ་བྱེད་པའི་དུས་ལ་བབ་འདུག

མདོར་ན་སྟོབས་ཆེན་རྒྱལ་ཁབ་ཁག་གི་ཆབ་སྲིད་ཀྱི་ཁ་ཕྱོགས་ལ་འགྱུར་བ་ཆེན་པོ་འགྲོ་བཞིན་པའི་ཁྲོད། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རང་ཉིད་ཀྱི་ཁེ་ཕན་གཙོ་བོར་བཟུང་ནས་ལས་དོན་བསྒྲུབ་དགོས་ལ། བོད་ལ་ངེས་པར་དུ་དགོས་པའི་ཆོས་དང་རིག་གནས་སྲུང་སྐྱོབ། འགྲོ་བ་མིའི་ཐོབ་ཐང་དང་འདྲ་མཉམ། རང་དབང་བཅས་ཚང་མ་རག་ཐུབ་པའི་རེ་བ་ཉག་གཅིག་ཡོད་པ་ནི་བོད་རྒྱལ་ཁབ་ཀྱི་རང་བཙན་སླར་གསོ་དགོས་པ་དེ་རེད། གཞན་ད་ལྟ་ལས་ལྷག་པའི་རེ་བ་གང་ཡང་མེད། ཌོ་ནལ་ཊོམ་གྱིས་ཡོངས་གྲགས་སུ་རྗོད་བཞིན་པའི་སྲིད་བྱུས་རྒྱ་ནག་ལ་ཁ་གཏད་གཅོག་པའི་ཐབས་ལམ་འདི་བརྒྱུད་ནས། བོད་ལ་ཁེ་ཕན་རག་རྒྱུའི་རེ་བ་གང་ཡོད་པ་དེ་ངེས་པར་དུ་རྩོད་དགོས་པ་དང། བོད་ཀྱི་ཕུགས་དམིགས་དང་མཐུན་པ། ཨ་རིའི་སྲིད་བྱུས་དང་མཐུན་པ་ཞིག་བྱུང་ན་གོ་སྐབས་འདི་ལས་ལྷག་པ་ཞིག་མེད། འབད་བརྩོན་བྱས་ནས་གྲུབ་འབྲས་མ་བྱུང་ནའང་འགྱོད་པ་ཆེན་པོ་མེད་ལ། ཐབས་ཤེས་ཙམ་ཡང་བྱེད་མ་ཐུབ་ན་བུ་ཚ་ཕྱི་རབས་པ་རྣམས་ལ་ངོ་གནོང་དགོས་པ་ཞིག་ཏུ་འགྱུར་ངེས།།