འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་བོད་དུ་དབུ་བརྙེས་པ་དང་བཙན་བྱོལ་དུ་བསྐྱར་འཛུཌ་གནང་བའི་དུས་དྲན་སྲུང་བརྩི་ཞུས་སོང་། 

མཛད་སྒོའི་སྐབས་སུ་བོད་ཀྱི་བང་ཆེན་གསར་ཁང་གི་པར།

སྨན་རྩིས་ཀྱི་སློབ་སྦྱོང་གནང་མཁན་བོད་པའི་སློབ་ཕྲུག་ཇེ་ཉུང་དུ་འགྲོ་བཞིན་ཡོད་ཀྱང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་བཞིན། གསོ་རིག་རྒྱུན་གནས་ཆེད་ཧི་མ་ལ་ཡའི་རིགས་རྒྱུད་ཀྱི་མི་སེར་རྣམས་གལ་ཆེན་ཡིན་པར་བརྗོད་སོང་། 

ཟླ་བ་འདིའི་ཕྱི་ཚེས་ ༢༥ཉིན་བོད་དུ་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་ལོ་ངོ་༡༠༩ དང་། རྒྱ་གར་འཕགས་པའི་ཡུལ་དུ་ལོ་ངོ་༦༤ འཁོར་བའི་དུས་ཆེན་ཞེས་པ་གཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་སྨན་རྩིས་མཐོ་སློབ་ཁང་གི་ཚོགས་ཁང་དུ་སྲུང་བརྩི་ཞུས་སོང་ལ། དེ་དང་བསྟུན་ནས་སྨན་སློབ་སྐབས་ ༢༢ པ་དང་རྩིས་སློབ་སྐབས་ ༡༢ ཀྱི་སློབ་ཐོན་སྨན་རྩིས་པ་རྣམས་ཀྱི་བསླབ་པ་མཐར་སོན་གྱི་མཛད་སྒོ་འཚོགས་པ་དང་སྦྲགས། དམིགས་བསལ་སྐུ་མགྲོན་གྱིས་བོད་ལུགས་ལྟར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ཕེབས་སྐབས་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གིས་བརྟན་བཞུགས་བསྟར་འབུལ་གྱི་དྲན་རྟེན་བརྙན་དེབ་ཅིག་ཀྱང་དབུ་འབྱེད་གནང་ཞིང་། དེ་རྗེས་སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་དྲུང་ཆེ་བྱམས་པ་ཕུན་ཚོགས་ཀྱིས་སྨན་སློབ་སྐབས་༢༢ པ་དང་། རྩིས་སློབ་སྐབས་༡༢ཀྱི་སློབ་ཐོན་སྨན་རྩིས་པ་༢༥ ལ་ཕྱག་འཁྱེར་གསོལ་སྩལ་གནང་བ་དང་།  དེ་བཞིན་ཁོང་གིས་བོད་ཀྱི་གསོ་བ་རིག་པ་ནི་འཛམ་གླིང་ལ་ངོམ་དུ་ཆོག་པའི་རིག་གཞུང་ཞིག་ཡིན་པས། དེར་རྒྱ་ནག་གཞུང་གིས་ཧམ་བཤད་ཀྱིས་རྒྱ་ནག་གི་རིག་གཞུང་ཡིན་ལུགས་སྟོན་གྱི་ཡོད་དུས། བོད་མིའི་རིན་ཐང་ཤེས་པའི་ཐོག་གསོ་བ་རིག་པའི་གནས་ལ་མུ་མཐུད་སྦྱང་བརྩོན་བྱ་རྒྱུ་གལ་ཆེན་ཡིན་སྐོར་གསུངས་སོང་།

དེ་བཞིན་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་སྤྱི་ཁྱབ་འགན་འཛིན་ཐུབ་བསྟན་ཚེ་རིང་གིས། སྨན་རྩིས་ཁང་དབུ་བརྙེས་པའི་ཉིན་མོ་ནི་༧སྐུ་མདུན་སྐུ་ཕྲེང་རིམ་བྱུང་ངམ་ལྷག་པར་༧གོང་ས་ལྔ་པ་ཆེན་པོ་དང་། བཅུ་གསུམ་པ་ཆེན་པོ། བཅུ་བཞི་པ་ཆེན་པོ་བཅས་ཀྱིས་བོད་ཀྱི་སྨན་རྩིས་ཀྱི་བསྟན་པ་མི་ཉམས་རྒྱུན་འཛིན་དང་ཉམས་པ་སོར་ཆུད་ཆེད་དུ་ཐུགས་བསྐྱེད་འཕྲིན་ལས་ཇི་ལྟར་མཛད་པ་རྗེས་སུ་དྲན་པའི་ཉིན་མོ་ཞིག་ཡིན་སྐོར་དང་འབྲེལ། བཞུགས་སྒར་དུ་༧གོང་ས་མཆོག་གི་བཀའ་དགོངས་འོག་སྨན་རྩིས་ཁང་ཇི་ལྟར་གསར་འཛུགས་གནང་མིན་སོགས་གསུངས་པ་དང་། གཞན་ཡང་སྨན་རྩིས་ཁང་གི་རིག་གཞུང་འགན་འཛིན་ཚེ་རིང་ནོར་བུ་ཡིས་གསར་འགོད་པ་ཚོ་ལ། དེང་སྐབས་སྨན་རྩིས་ཀྱི་སློབ་སྦྱོང་གནང་མཁན་བོད་པའི་སློབ་ཕྲུག་ཇེ་ཉུང་དུ་འགྲོ་བཞིན་ཡོད་ནའང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགོངས་གཞི་བཞིན་བོད་ཀྱི་གསོ་བ་རིག་པ་དང་ནང་ཆོས་མུ་མཐུད་རྒྱུན་གནས་ཐུབ་པའི་ཆེད་ཧི་མ་ལ་ཡའི་རིགས་རྒྱུད་ཀྱི་མི་སེར་རྣམས་གལ་ཆེན་པོ་ཡིན་པ་དང་། དེ་མཚུངས་སློབ་ཕྲུག་ཚང་མར་འདྲ་མཉམ་ཀྱི་ལྟ་སྐྱོང་གནང་གི་ཡོད་པའི་སྐོར་གསུངས་སོང་།

མཛད་སྒོའི་སྐབས་བོད་ཀྱི་བང་ཆེན་གསར་ཁང་གི་པར།

གཞན་ཡང་སྨན་པ་མགོན་པོ་ཚེ་རིང་གིས་བརྩམས་པའི་ཀྲུང་ལུགས་གསོ་རིག་ལས་དོན་སྣོད་ཀྱི་རྣམ་གཞག ཅེས་པའི་དཔེ་དེབ་གཉིས་དབུ་འབྱེད་དང་། འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་ཞབས་ལོ་ ༢༠ དང་ ༣༠ འཁོར་བའི་ལས་བྱེད་ཁག་ཅིག་ལ་གཟེངས་བསྟོད་ཕྱག་ཁྱེར་གནང་སོང་། ད་ལྟའི་ཆར་སྨན་རྩིས་ཁང་དུ་ལས་བྱེད་དང་ལས་མི་བསྡོམས་པའི་མི་གྲངས་ ༦༡༩ ཡོད་འདུག་པ་དང་། དེའི་ནང་ནས་སྐྱེས་པ་༣༡༦ དང་བུད་མེད་༣༠༣། དེ་ཡང་སྨན་པ་ ༡༢༩ དང༌། སྐར་རྩིས་པ་ ༢༨ ། ལས་བྱེད་ངོ་མ་ཡིན་པ་ ༢༨༥ ། ཚོད་ལྟའི་ལས་བྱེད་ཡིན་པ་ ༡༨ ། ཆོད་གན་ལས་བྱེད་ཡིན་པ་ ༤༥ ། ཆོད་གན་ལས་མི་ཡིན་པ་ ༡༡༤ བཅས་ཡིན་འདུག ཕྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༡ ནས་ཕྱི་ལོ་ ༢༠༢༥ ཟླ་ ༣ ཚེས་ ༢༠ བར་རྩ་དགོངས་ཕྱིན་པའི་ལས་བྱེད་གྲངས་ ༣༦ དང༌། བགྲེས་ཡོལ་ཕྱིན་པ་ ༡༣ བྱུང་ཡོད་འདུག་ཅིང་། དེ་མཚུངས་ཆོད་གན་ལས་བྱེད་ ༢༧ དང་། ཚོད་ལྟའི་ལས་བྱེད་ ༣༨ གསར་བསྐོའང་བྱས་ཡོད་འདུག་ལ། དངུལ་རྩིས་ཀྱི་ཆ་ནས། རྩིས་ལོ་ ༢༠༢༢་་་༢༣ ནང་ཁེ་བཟང་ངམ་སོང་ལས་བྱུང་ཧིན་སྒོར་ས་ཡ་ ༢༠ མིན་ཙམ་ཞིག་ཐོན་ཡོད་འདུག་པ་དང་། དེ་སྔོན་རེ་བ་བྱས་པ་བཞིན་རྩིས་ལོ་ ༢༠༢༣་་་༢༤ ནང་དུ་སོང་ལས་བྱུང་ཧིན་སྒོར་ས་ཡ་ ༤༥ ཙམ་མང་བ་བྱུང་ཡོད་པར་གསུངས། དེ་བཞིན་དེ་སྔ་རྩིས་སྤྲོད་རྩིས་ལེན་སྐབས་སྤྲོད་བསྡད་ཧིན་སྒོར་ས་ཡ་ ༣༣༠ ཙམ་ཡོད་པ་ཆ་གསེས་ཐོག་ཕྱིར་སློག་བྱས་ཏེ་ད་ལྟའི་ཆར་ས་ཡ་ ༧༠ ཙམ་ལས་མེད་པ་དང་། དེ་ཡང་རིང་མིན་གཙང་བཟོ་ཐུབ་པ་བྱ་རྒྱུ་ཡིན་པ། ནད་པའི་ཞབས་ཞུར་མཚོན་ན། དབུས་དང་ཡན་ལག་སྨན་ཁང་ཁག་ ༦༣ གྱིས་ཕྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༡ ནས་ཕྱི་ལོ་ ༢༠༢༥ ཟླ་ ༢ ཚེས་ ༢༨ བར་ནད་པའི་གྲངས་འབུམ་ ༦ དང་ཁྲི ༧ ཙམ་ལ་བརྟག་དཔྱད་ཀྱི་ཞབས་ཞུ་བསྒྲུབས་ཡོད་པ་དང་། སྨན་སྦྱིན་ཧིན་སྒོར་ས་ཡ་ ༣༨ མིན་ཙམ་ཕུལ་ཞིང་། སྐར་རྩིས་སྡེ་ཚན་ནས་ཚེ་རྩིས་རྒྱས་འབྲིང་བསྡུས་གསུམ་འདོན་འབུལ་བྱས་པ་ ༢༦༣ དང༌། བག་རྩིས་དང་གཤིན་རྩིས་སོགས་འདོན་འབུལ་བྱས་པ་ ༡༣༤ ། ངག་ཐོག་རྩིས་འབྲས་བྱས་པ་ ༡༣༩ བཅས་བྱུང་ཡོད་པར་གསུངས་གནང་།

གསར་འགོད་པ། བསྟན་འཛིན་ལམ་བཟང་།