འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནང་བོད་དོན་གླེང་སློང་བྱུང་ཡོད་འདུག

 སུད་སིའི་གྲོང་ཁྱེར་ཇི་ནི་ཝར་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་༤༦ འཚོགས་བཞིན་པའི་ཐོག དབྱིན་ཡུལ་ཕྱི་སྲིད་དྲུང་ཆེ་ཌོ་མེ་ནེ་ཁི་རབ་དང་། ཡུ་རོབ་སྤྱི་མཐུན་ཚོགས་པའི་ཕྱི་འབྲེལ་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་ཇོ་སེཕ་བྷོ་རེལ་གཉིས་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་དུ་གཙོས་པའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་པར་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་འདུག 

དེ་ཡང་དབྱིན་ཡུལ་ཕྱི་སྲིད་དྲུང་ཆེ་ཌོ་མེ་ནེ་ཁི་རབ་ཀྱིས་ལྷན་ཚོགས་ཐོག་ཏུ་གསུང་དོན། རྒྱ་ནག་ནང་གཞི་རྒྱ་ཆེ་བའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་ཐོག སེམས་འཚབ་ཆེན་པོའི་ངང་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ལ་རྒྱ་ནག་གཞུང་གིས་བྱ་སྤྱོད་ངན་པ་སྤེལ་བཞིན་པའི་མངོན་གསལ་གྱི་ཁུངས་སྐྱེལ་ར་སྤྲོད་བྱེད་ཐུབ་པའི་དཔང་རྟགས་རྣམས་སྣང་མེད་དུ་མི་གཏོང་བར་རྟོག་ཞིབ་ནན་པོ་དགོས་སྐོར་གྱི་འབོད་སྐུལ་ཞུ་ཡི་ཡོད་པ་དང་། རྒྱ་ནག་གཞུང་གིས་ཡུ་གུར་ཁ་ཆེ་དང་། ཧོང་ཀོང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་ཡོད་པ། ད་ཆ་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་སེམས་འཚབ་གྱི་རྣམ་པ་ཤུགས་ཆེ་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་ཕྱི་མི་བོད་ནང་འགྲོ་རྒྱུར་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་ཅེས་དང་། གཞན་ཡང་རྒྱ་ནག་གཞུང་གིས་བྱ་སྤྱོད་ངན་པ་རིགས་སྤེལ་བཞིན་པའི་ཐོག མཉམ་འབྲེལ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ནས་ལན་འདེབས་གནང་རྒྱུ་ནི་ཚོགས་མི་ཡོངས་ཀྱི་མཉམ་འབྲེལ་གྱི་འགན་ཡིན། དབྱིན་ཡུལ་གཞུང་ནས་གདུག་རྩུབ་མནར་གཅོད་ཀྱི་བྱ་སྤྱོད་རིགས་སྤེལ་བཞིན་པའི་སྐྱེ་བོ་དེ་དག་གི་ཆེད་དུ་རྒྱ་ནག་གཞུང་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་གསུངས་འདུག 

ལོ་སྔོན་མར་དབྱིན་ཡུལ་གྲོས་ཚོགས་ནང་དུ་རྙིང་ཞེན་སྲིད་དོན་ཚོགས་པའི་གྲོས་ཚོགས་འཐུས་མི་(Alicia Kearns) ཡིས། རྒྱ་ནག་ཏུ་འཚོག་འཆར་ཡོད་པའི་ཕྱི་ལོ་༢༠༢༢ ལོའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་སུ་མཉམ་ཞུགས་མི་བྱེད་པར་ངོ་རྒོལ་བྱས་ཚེ། རྒྱ་ནག་ལ་བརྡ་ལན་ནན་པོ་སྤྲོད་ཐུབ་རྒྱུ་ཡིན་མིན་དྲིས་པར། སྐབས་དེར་ཕྱི་སྲིད་དྲུང་ཆེ་ཁོང་གིས་སྤྱིར་བཏང་ཆ་ནས་རྒྱུན་དུ་རྩེད་མོ་དང་ཆབ་སྲིད། ཕྱི་སྲིད་ལས་དོན་བར་དབྱེ་མཚམས་འཇོག་དགོས་པར་བསམ་བློ་གཏོང་མཁན་ཞིག་ཡིན་ཡང་། དེ་འདྲ་བྱེད་ཐབས་བྲལ་བའི་དུས་ཚོད་གཅིག་སླེབས་སྲིད་པས། ལས་དོན་དེ་དང་འབྲེལ་ནས་དབྱིན་ཡུལ་གྱིས་རྒྱལ་སྤྱིའི་མཐུན་ཕྱོགས་རྒྱལ་ཁབ་དང་མཉམ་དུ་དཔང་རྟགས་འཚོལ་སྒྲུབ་དང་མཉམ་ལས་བྱས་ཏེ། མ་འོངས་པར་ད་ལྟའི་ལས་དོན་ལས་ལྷག་པའི་ལས་དོན་སྤེལ་དགོས་པའི་ནང་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་བྱེད་དགོས་མིན་ཐད་བསམ་ཞིབ་བྱེད་རྒྱུ་ཡིན་སྐོར་ལན་འདེབས་གནང་ཡོད་པ་རེད།

དེ་བཞིན་ལྷན་ཚོགས་ཐོག་ཏུ་ཡུ་རོབ་སྤྱི་མཐུན་ཚོགས་པའི་ཕྱི་འབྲེལ་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་ཇི་སེཕ་བྷོ་རེལ་གྱིས་ཡུ་རོབ་སྤྱི་མཐུན་ཚོགས་པའི་རྒྱལ་ཁབ་༢༧ གྱི་ཚབ་ཞུས་ཏེ་གསུང་དོན། རྒྱ་ནག་གཞུང་ནས་རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་ལ་གུས་བཀུར་ཡོད་པའི་ཐོག་ནས་ལག་བསྟར་གནང་དགོས་པ་མ་ཟད། རྒྱ་ནག་གཞུང་ནས་བོད་དང་ཤར་ཏུར་ཀི་སི་ཐན། ལྷོ་སོག་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་བྱེད་དགོས་པ་ནན་བརྗོད་དང་། རྒྱལ་སྤྱིའི་ཚོགས་པས་བློ་འཚབ་ཤུགས་ཆེ་ཡོད་པའི་ཐོག་ཡུ་གུར་ཁ་ཆེའི་མི་རིགས་ཀྱི་གནད་དོན་རྣམས་མང་ཚོགས་ཁྲོད་ཕྱི་གསལ་ནང་གསལ་ཤེས་རྟོགས་ཐུབ་སླད་རྒྱ་ནག་གཞུང་ནས་མཉམ་འབྲེལ་རྒྱལ་ཁབ་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་གཙོ་འཛིན་ལྕམ་སྐུ་མི་ཤེ་ལེ་བྷ་ཤེ་ལེ་ཊི་ལགས་ཀྱིས་གཙོས་རྒྱལ་སྤྱིའི་རྟོག་ཞིབ་པ་རྣམས་ཁུལ་དེར་གཟིགས་སྐོར་གནང་འཇུག་དགོས་པ་མ་ཟད། ཧོང་ཀོང་ནང་རྒྱ་ནག་གཞུང་གིས་གཞི་རྒྱ་ཆེ་བའི་འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་སྒྲིག་ལ་ངེས་པར་བརྩི་སྲུང་ཞུ་དགོས་ཞེས་གསུངས་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།