འགྲོ་བ་མིའི་རིགས་ལ་རྒྱབ་གཏོད་ཀྱི་ནག་ཉེས་འདི་གཏན་ནས་གུ་ཡངས་གཏོང་རྒྱུ་མེད།
ཨབ་གྷན་དུ་འབར་རྫས་ཀྱི་དོན་རྐྱེན་བྱུང་རྗེས། སྲིད་འཛིན་ཨ་སི་ར་ཧྥི་གྷ་ནིས་འགྲོ་བ་མིའི་རིགས་ལ་རྒྱབ་གཏོད་ཀྱི་ནག་ཉེས་འདི་གཏན་ནས་གུ་ཡངས་གཏོང་རྒྱུ་མེད་པ་ཞིག་རེད་ཅེས་བརྗོད་ཡོད་འདུག
ཟླ་འདིའི་ཕྱི་ཚེས་༨ ཉིན་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཁ་སང་ཕྱི་ཚེས་༧ ཉིན་གྱི་ཕྱི་དྲོར་ཨབ་གྷ་ནི་སི་ཐན་གྱི་རྒྱལ་ས་ཀ་བྷུལ་དུ་ཡོད་པའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ལས་བྱེད་རྣམས་ཀྱི་རླངས་འཁོར་འཇོག་སར། རང་གཞན་གཉིས་ཕུང་གི་ལས་ལ་འཇུག་མཁན་མི་ཞིག་གིས་འབར་རྫས་གཡུགས་ཏེ། ཉུང་མཐར་མི་༢༠ རྐྱེན་ལམ་དུ་བཏང་ཡོད་པ་དང་། མི་༤༡ ལ་རྨས་སྐྱོན་ཕོགས་ཡོད་པའི་ཁྲོད་ནས། མི་༡༠ ཤི་གསོན་གང་ཡོང་ངེས་མེད་ཆགས་ཡོད་ཚུལ་ཨབ་གྷན་གཞུང་གིས་བརྗོད་འདུག འབར་རྫས་ཀྱི་ཤུགས་རྐྱེན་ལས་ཉེ་འགྲམ་གྱི་ཁང་པ་རྣམས་སྒུལ་བ་དང་། སྒེའུ་ཁུང་བཅག་པ། ཞིག་རོ་རྣམས་སྲང་ལམ་དུ་ཤུགས་ཀྱིས་གཡུགས་པ་བཅས་བྱུང་ཡོད་འདུག
འབར་རྫས་གཡུག་མཁན་གྱིས་ལས་བྱེད་རྣམས་ལས་ཀ་ལས་གྲོལ་ནས་ནང་དུ་ལོག་པ་དང་སྟབས་བསྟུན་ཏེ། ལས་བྱེད་ཚོའི་རླངས་འཁོར་འཇོག་སར་དམིགས་འབེན་བཟུང་ཡོད་ཚུལ་འདུག་ཀྱང་། རྐྱེན་ལམ་དུ་ཤོར་བ་དང་རྨས་སྐྱོན་ཕོག་མཁན་ཚང་མ་ནི་མི་སེར་ཆགས་ཡོད་པ་ལས་གཞུང་གི་ལས་བྱེད་སོགས་མིན་འདུག
ད་ཐེངས་ཀྱི་རྒོལ་རྡུང་འདི་ནི་ཨབ་གྷན་གྱི་གྲོང་ཁྱེར་ཧྥ་ར་མངའ་སྡེའི་ལམ་ཟུར་ཞིག་ལ། འབར་རྫས་གཡུགས་སྟེ་རྫོང་ཞིག་གི་སྤྱི་ཁྱབ་ཉེན་རྟོག་པ་བསད་ནས་ཆུ་ཚོད་ཁ་ཤས་ཀྱི་རྗེས་སུ་བྱུང་བ་ཞིག་ཡིན་འདུག་ལ། སྤྱི་ཁྱབ་ཉེན་རྟོག་པ་བཀྲོངས་མཁན་དེ་ཏ་ལི་བྷན་ཡིན་པའི་དོགས་གཞི་བྱེད་ཀྱི་ཡོད་འདུག ཨབ་གྷན་གྱི་སྲིད་འཛིན་ཨ་སི་ར་ཧྥི་གྷ་ནིས་“འགྲོ་བ་མིའི་རིགས་ལ་རྒྱབ་གཏོད་ཀྱི་ནག་ཉེས་འདི་གཏན་ནས་གུ་ཡངས་གཏོང་རྒྱུ་མེད་པ་ཞིག་རེད་”ཅེས་བརྗོད་ཡོད་འདུག
འདས་པའི་དུས་སུ་ཀ་བྷུལ་དུ་ཡོད་པའི་ཆེས་མཐོའི་ཁྲིམས་ཞིབ་ཁང་དེ་ནི་ཏ་ལི་བྷན་གྱི་དམག་མིས་དམིགས་འབེན་འཛིན་ས་ཞིག་ཡིན་པ་དང་། ཟླ་སྔོན་མའི་ནང་ཀ་བྷུལ་དུ་ཡོད་པའི་གྲོས་ཚོགས་དང་ཉེ་ས་ཞིག་ལ་འབར་རྫས་གཡུགས་ནས་མི་༣༠ ཡི་ཚེ་སྲོག་ཤོར་ཡོད་པ་དང་། གཞན་མི་གྲངས་མང་པོ་ཞིག་ལ་རྨས་སྐྱོན་བྱུང་ཡོད་པ་དེའི་བྱེད་གཏེ་ཏ་ལི་བྷན་ཡིན་པར་བརྗོད་བཞིན་ཡོད་པ་ལྟར། ད་ཐེངས་ཀྱང་ཏ་ལི་བྷན་ལ་དོགས་པ་བྱེད་ཀྱི་ཡོད་འདུག
མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རེས་གཟའ་ཟླ་བའི་ཉིན་ཕྱི་ལོ་༢༠༡༦ ལོར་ཨབ་གྷན་རྒྱལ་ཁབ་ནང་མི་སེར་༣༤༩༨ བསད་ཡོད་པར་བསྒྲགས་ཡོད་པ་དང་། ད་ཐེངས་ཀྱི་དོན་རྐྱེན་འདིས་ཨབ་གྷན་ནང་གི་བདེ་འཇགས་ཀྱི་གནས་ཚུལ་དེ་བས་ཛ་དྲག་ཡིན་པ་གསལ་འདེབས་བྱས་ཡོད་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།