འཆམ་མཐུན་དང་ཆིག་སྒྲིལ་ནི་སྟོབས་ཤུགས་ཡིན།
ལྕོག་གནའ་མྱི།
མི་ཞིག་ལ་ཆ་མཚོན་ན་སོ་སོ་དང་མཉམ་འགྲོ་མཉམ་སྡོད་བྱེད་མཁན་ཞིག་ངེས་པར་ཏུ་ཡོད་དགོས་ལ། དེ་བས་ཀྱང་ཕན་ཚུན་བརྩེ་སེམས་ཀྱི་མདུད་པ་དམ་དུ་བཅིངས་ཤིང་མཐུན་སྒྲིལ་གྱི་ལག་རྡང་གཅིག་ཏུ་སྦྲེལ་བའི་བློས་ཐུབ་ཀྱི་གྲོགས་པོ་ཞིག་ཡོད་དགོས་པ་ནི་གལ་ཆེ་ནང་གི་དོན་ཆེ་ཞིག་རེད་བསམ། དེས་ན་བསམ་གཞིག་ནན་མོ་ཞིག་གཏོང་ན་གྲོགས་པོ་ནི་སུ་ལ་ཡང་གལ་ཆེན་ཡིན་པའི་གཏན་ཚིགས་འགོད་མི་དགོས་པ་ལྟ་བུ་ཞིག་རེད་མོད། འོན་ཏེ་མི་སྐོར་ཞིག་གི་སེམས་ན་མི་སུ་འདྲ་ཞིག་ལ་ཡང་མ་བརྟེན་པ་རང་ཉིད་གཅིག་པོ་ཞིག་ཅི་ས་གང་ཐད་ནས་རང་ཚུགས་ཐུབ་ ཀྱི་ཡོད་སྙམ་པའི་བསམ་བློ་ཁུར་མཁན་ཡང་མེད་མི་སྲིད་པ་ག་ལ་ཡིན། རེད་དེ་མི་སྒེར་ཞིག་ནས་བསམ་ན་ཡང་དོན་དམ་གྱི་བདེ་སྐྱིད་ཅིག་དགོས་ན་ཁྱེད་ལ་གྲོགས་པོ་དགོས་ཤིང་།སེམས་སྟེང་གི་འཛུམ་མདངས་ཤིག་དགོས་ན་མ་འཐའ་ཡང་ཁྱེད་ལ་སྙིང་གཏམ་བཤད་ས་ཞིག་དགོས་ངེས་ཡིན།དེ་ནི་ཁྱེད་ཀྱི་ནང་རུལ་གྱི་ནད་རྙིང་ཕྱི་རུ་འདོན་སའི་མཁར་གཞོང་གཅིག་པོ་དེ་ཡིན་ཟེར་ན་ཡང་ཆོག་ཏེ། ནམ་ཞིག་ཁྱེད་ལ་སྙིང་གཏམ་བཤད་ས་ཞིག་མེད་སོང་བའི་ཉིན་མོ་དེ་ནས་རྨ་ཐོག་རྨ་ཁ་བཙགས་པ་ལྟ་བུའི་ཁྱེད་ཀྱི་ནང་རུལ་གྱི་བསམ་བློ་དང་འདྲ་མིན་གྱི་རྣམ་རྟོག་མང་དྲགས་པའི་རྐྱེན་གྱིས་ཁྱེད་ལ་དོན་ངོ་མའི་བདེ་སྐྱིད་ཅིག་གང་ན་ཡོད་དེ་རྙེད་དུ་མེད་དོ།
འདི་ནི་ད་ནས་བརྩིས་པའི་ང་ཚོའི་ཉམས་མྱོང་གི་བསྡོམས་ཚིག་ཅིག་ཀྱང་ཡིན་ཟེར་ན་ལོས་ཆོག།དེ་བཞིན་རྒྱ་ཆེ་ས་ནས་བསམ་ན་ཡང་སྤྱིར་ན་མི་སུ་ཞིག་དང་གྲོགས་པོ་བྱེད་ཆོག་ལ་ཡིན་ཀྱང་དགོས། རེད་དེ་ང་ནི་བོད་མི་ཞིག་ཡིན་ཕྱིར་བོད་མི་རིགས་ཤིག་ལ་ཆ་མཚོན་ནས་གླེང་ན། སུས་ཀྱང་ཕུགས་འདུན་དང་དད་མོས་ནི་རང་དབང་དང་བདེ་སྐྱིད་ཅེས་པ་འདི་ཡིན་ལ། དམག་འཐབ་དང་ཚེ་སྲོག་གི་ཕམ་ཉེས་བྱུང་བའི་སྐྱོ་གར་སྣ་ཚོགས་འཁྲབས་དང་འཁྲབ་མུས་འདི་ཡང་མཐའ་གཏུགས་ན་སོ་སོའི་རང་དབང་དང་བདེ་སྐྱིད་ཅེས་པ་འདི་ལ་ཐུག་ཡོད། དེ་བས་ན་ད་ནས་བརྩིས་པའི་མི་ལོ་སུམ་ཅུ་ཡི་རྗེས་སུ་བོད་མི་རིགས་འདི་གནས་དང་མ་གནས་ནི་ད་ལྟའི་ང་ཚོའི་མི་རབས་འདི་ལ་རག་ལས་པ་ཞིག་རེད་ཟེར་ན་སུས་ཀྱང་མགོ་བོ་ནང་དུ་གཡུག་ཐུབ་པ་ཞིག་ངེས་པར་ཏུ་དགོས་ཤིང་།ཤ་བཙོ་བཙོ་དང་གྲི་རྣོ་རྣོ་ཞེས་པའི་དཔེ་ལྟར་རང་ཉིད་ལ་གྲ་སྒྲིག་ཆ་ཚང་ཡོད་དགོས་པ་ཞིག་ཀྱང་ཅི་ལ་མིན། དེ་དུས་ཀྱི་མི་རིགས་འདི་ནི་ཁྱེད་གཅིག་པོས་སྐྱོང་མི་ནུས་ལ་ང་གཅིག་པོས་ཀྱང་གང་ནས་གསོན་ཐུབ། འདི་ལ་གཞིགས་ན་ཡང་གྲོགས་པོ་དང་འཆམ་མཐུན་ནི་སུ་ལ་ཡང་གལ་ཆེ་ཞིག་ཡིན་པའི་ཞིབ་འགྲེལ་བྱེད་མི་དགོས་པ་ལྟ་བུ་ཞིག་རེད།
མཚམས་འདི་ནས་ང་ཚོས་འདས་སོང་གི་ལོ་ངོ་དུ་མའི་སྔོན་ལ་ཕྱིར་རྟོག་རེ་བྱོས་དང་། ད་ནས་བརྩིས་པའི་ལོ་ངོ་བདུན་ཅུའི་ཡར་སྔོན་གྱི་འུ་ཚོའི་མེས་པོ་དག་ནི་རང་ས་ནས་སྐྱེས་ཤིང་རང་ས་ནས་རྒས་སོང་བའི་གཏམ་རྒྱུད་དག་ལ་ཕྱི་མིག་རེ་འཕེན་དང་། དེ་རིང་གི་ཁྱེད་རང་ཕྱི་ཡུལ་གྱི་ས་གནས་གང་ཞིག་ནས་ཁུལ་དེའི་དོན་མེད་ཀྱི་མི་བུ་དག་གི་ངོ་གདོང་སྲུང་དགོས་ཤིང་། ཁྱེད་ལ་དམའ་འབོད་དང་མཐོང་ཆུང་ཅི་ཙམ་བྱེད་ན་ཡང་ཁྱེད་ཀྱིས་བཟོད་པའི་གོ་ཆ་ཞིག་གོན་ཡོད་མདོག་མདོག་གི་རྣམ་འགྱུར་བསྟན་བཞིན། ཐ་ན་འགྲམ་ལྕག་ཚ་བེར་བ་ཞིག་བཞུས་ན་ཡང་མཛུམ་མོ་གནམ་ལ་ཀེར་ཏེ་ཡོད་ཚོད་རང་ཉིད་ཀྱི་ནག་ཉེས་ཤིག་ཏུ་བརྩི་དགོས་པའི་རྒྱུ་མཚོན་ཅི་ཞིག་ཡིན་ནམ། དོན་ངོ་མར་ཁྱེད་ཀྱིས་བཟོད་པའི་གོ་ཆ་གོན་མེད་ལ།ཁྱེད་ཀྱིས་ཁོང་ཁྲོ་དེ་བས་སྤངས་མེད་དེ་རྒྱབ་ཕྱོགས་ནས་འབྱིན་བཞིན་པའི་འཁང་ར་དང་གདུང་ཡུས་དག་ནི་ང་ཚོས་མ་གཏོགས་སུ་ཞིག་གིས་ཤེས། འདི་ལྟ་བུའི་ང་ཚོའི་རྒྱུན་ལྡན་གྱི་འཚོ་བའི་ནང་དུ་བྱུང་དང་འབྱུང་མུས་སུ་འགྱུར་བའི་གནས་སྟངས་དག་ནི་སུ་ཞིག་གི་སེམས་ན་ཡང་གསལ་ལྷང་ལྷང་ཞིག་ཡིན་ལ།དེ་བས་ཀྱང་ད་ལྟའི་གཞིས་བཞུགས་ཀྱི་འུ་ཚོའི་སྤུན་ཟླ་དག་གི་ལུས་ཀྱི་ན་ཚ་དང་སེམས་ཀྱི་སྡུག་བསྔལ་དག་ལ་རྒྱང་ལྟ་རེ་བྱོས་དང་། ཐ་ན་རང་ཉིད་ཀྱི་ཕུང་པོ་ཚུན་ཆད་མེར་སྲེག་གཏོང་བཞིན་སུ་ཞིག་འབོད་ཀྱི་འདུག་གམ། ཅི་ཞིག་གླེང་གིན་འདུག་གམ། འདི་དག་ཀྱང་མཐར་གཏུགས་ན་ཅི་ཞིག་གི་དོན་དུ་ཡིན་ནམ། སུ་ཞིག་གི་ཆེད་དུ་ཡིན་ནམ། འདི་ནི་ཁྱེད་ཀྱི་ཆེད་དུ་ཡིན་ལ།ང་ཡི་དོན་དུ་ཡང་ཡིན། ད་དུང་ཁོང་གི་ཕྱིར་ཡང་ཡིན་ཏེ། རང་དབང་དང་བདེ་སྐྱིད་འདྲ་མཉམ་སོགས་ནི་མི་ཞིག་ཡིན་ཕྱིར་མི་ཚེའི་སྙིང་པོ་ཞིག་དང་ཐོབ་ཐང་ཞིག་ཡིན་པས་སོ། འདི་དག་ཀྱང་མཐའ་དེད་ན་རྒྱུ་མེད་རྐྱེན་མེད་ལས་བྱུང་བ་ཞིག་ནི་མིན་ལ། རིགས་མཐུན་པ་ལས་མི་མཐུན་པའི་རྒྱུ་ལས་བྱུང་བ་ཡང་དེ་བས་མིན།
འདི་ནི་ང་ཚོ་ནང་པ་ཞིག་ཡིན་ཕྱིར་ཆོས་ཕྱོགས་ནས་འགྲེལ་ཚུལ་ཟབ་ན་ཡང་།ང་ཚོས་མིག་གིས་མཐོང་ཞིང་ལོ་རྒྱུས་ཀྱི་རྒྱང་ཤེལ་བརྒྱུད་དེ་རྗེས་སུ་དཔག་ཐུབ་པ་ནི། འུ་ཚོའི་མེས་པོ་གོང་མ་དག་གི་འཆམ་མཐུན་དང་ཆིག་སྒྲིལ་གྱི་ནུས་པ་གཅིག་ཏུ་སྤུངས་མ་ཐུབ་པའི་ཁར་ངན་པ་ལག་སྦྲེལ་བྱས་ཏེ། ཐོབ་དང་གོ་ས་ཆུང་ཆུང་ཞིག་གི་ཆེད་དུ་ནང་དམེ་བྱེད་རེས་བྱས་པའི་ཉེར་འབྲས་སུ་བྱུང་བ་ནི་ལོ་རྒྱུས་ཀྱིས་ང་ཚོ་ལ་སྦྱིན་པའི་སྐྱོ་གདུང་གི་ཕམ་ཁ་ཆེ་ཤོས་ཤིག་དང་།དེ་བས་ཀྱང་རང་ཉིད་ཀྱི་ནུས་པ་ཡོད་ཚད་སྦས་སྐུང་བྱས་ཏེ་ཐམས་ཅན་ལྷ་ལ་བཅོལ་བའི་འདུ་ཤེས་ལས་བྱུང་བ་ཞིག་ཀྱང་བསྙོན་དུ་མེད། འདི་ནི་ཆོས་དང་འཇིག་རྟེན་གང་ཐད་ནས་བལྟས་ཀྱང་བྱིས་པ་ཆུང་ངུ་ཞིག་གི་རྨི་ལམ་ལས་ཀྱང་ཧེ་བག་ཆེན་པོ་རྒྱུག་ཡོད་པའི་འགྲེལ་བརྗོད་གང་ན་བྱེད་དགོས། འདི་ལྟར་རྟོག་ཚེ་འཆམ་མཐུན་དང་ཆིག་སྒྲིལ་ནི་སུས་ཀྱང་འཇོམས་དཀའ་བའི་སྟོབས་ཤུགས་ཤིག་ཡིན་པའི་ངེས་པ་ཡང་རྙེད་འོང་།
རེད་ཡ། སྙིང་ཉེ་ཀློག་པ་པོ་དག།འཆམ་མཐུན་དང་ཆིག་སྒྲིལ་ཅེས་པའི་ཚིག་འདི་ཡང་མི་ལ་ཕར་འཁོར་ཏེ་བཤད་པ་ཙམ་ཞིག་མིན་པར་རང་གིས་ཉམས་སུ་ལེན་དགོས་པ་ཡང་གཏན་ནས་བརྗེད་མི་ཉན་ལ། ཁ་སང་གི་ལོ་རྒྱུས་ལ་དམའ་འབེབས་བྱེད་བཞིན་རང་ཉིད་དེ་ལས་གཡོལ་ཐབས་བྱེད་པ་ཡང་དེ་བས་མི་རུང་། ཕ་ཚབ་བུ་ཡི་བརྗེས་པ་ལྟར་རང་ཉིད་ལ་འགན་ལྷག་མ་ཞིག་ཡོད་པའི་འདུ་ཤེས་ཤིག་ཅིས་ཀྱང་རྙེད་ལོས་དགོས། དེ་བས་ན་འཆམ་མཐུན་དང་གཅིག་སྒྲིལ་ཟེར་བ་ནི་ནང་བསམ་བློའི་འཆམ་མཐུན་དང་ཆིག་སྒྲིལ་ལ་གོ་བ་ལེན་དགོས་མོད། འོན་ཏེ་ངས་ཀ་ཟེར་ན་ཁྱེད་ཀྱིས་ཀྱང་ཀ་ཟེར་དགོས་པའི་ངེས་པ་མེད་ཅིང་། མ་མཐའ་ཡང་བསམ་ཕྱོགས་དང་ལྟ་ཚུལ་བརྗེ་རེས་བྱེད་པར་བརྒྱུད་ང་ཚོ་ཐོན་མོང་གི་ལྟ་ཚུལ་ལམ་ཐོན་མང་གི་བསམ་བློའི་གཞི་རྟེན་ཤིག་རྙེད་དགོས་པ་ནི་འཆམ་མཐུན་དང་ཆིག་སྒྲིལ་གྱི་བསམ་བློའི་མ་རྩ་ལྟ་བུ་ཡིན་པ་ནི་སུས་ཀྱང་ཤེས་གལ་ཆེ། འདི་ལྟ་བུའི་བསམ་བློའི་རང་དབང་ལས་རྙེད་པའི་ཐུན་མོང་གི་ལྟ་ཚུལ་དེ་ནི་སུས་ཀྱང་གཏོར་དཀའ་བའི་ནང་བསམ་བློའི་སྟོབས་ཤུགས་སམ་ནུས་པ་ཞིག་ཡིན་ན། ཆིག་སྒྲིལ་ཟེར་ན་ཡང་འདི་ལས་ཟུར་ཞིག་ཏུ་གང་ནས་འཚོལ། གཞན་ཁྱེད་སྟག་ཡིན་ན་ང་གཟིག་ཡིན་མདོག་མདོག་གི་བསམ་བློ་ཙམ་ལས་ཕན་ཚུན་མཐུན་ཕྱོགས་ཀྱི་སྐད་ཆ་ཟུར་ཙམ་ཡང་མེད་པར་བསྡད་ན། ང་ཚོས་འདི་དང་འདི་ལས་ལྷག་པའི་སྡུག་བསྔལ་ཞིག་མྱོང་དགོས་བྱུང་བ་ནི་རྗེས་སུ་དཔག་ཐུབ་ལ།དེ་དུས་ཀྱི་ང་ཚོ་ནི་ད་ལྟ་བཞིན་གྱི་འཛུམ་གླིང་འདིའི་མི་རྣམས་ཀྱིས་རིན་ཐང་ལྟ་ཚུལ་ཡང་སྡུག་ཏུ་ཕྱིན་ཚར་ངེས་ཡིན་ནོ།།