འཆི་ལ་ཕྱོགས་པའི་ཐ་སྙད། “བོད།”

ཆེད་བརྗོད།

བོད་ཅེས་པའི་ཐ་སྙད་འདི་ཐ་སྙད་གཞན་དང་མི་འདྲ་བར་བོད་རྒྱལ་ཁབ་དང། བོད་མིའི་ཚབ་མཚོན་གྱི་ཐ་སྙད་དམིགས་བསལ་ཞིག་ཡིན། ཐ་སྙད་འདི་འཆི་བ་ལ་ཕྱོགས་པའམ། རྩ་མེད་དུ་གཏོང་རྒྱུའི་འཆར་གཞི་ཞིག་རྒྱ་གཞུང་གིས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་བྱས་ཡོད་པ་དང། ལྷག་པར་དུ་རྒྱ་གཞུང་གི་ངོས་ནས་རྒྱལ་སྤྱི་ལ་ཁ་ཕྱོགས་པའི་གསར་ལམ་ཁག་ཏུ་བོད་ཅེས་པའི་ཐ་སྙད་དབྱིན་ཡིག་Tibet འདི་བེད་སྤྱོད་གཏོང་མཚམས་བཞག་ནས། ད་ལྟའི་ཆར་རྒྱ་ཡིག་གི་སྒྲ་གདངས་Xizang ཞེས་བེད་སྤྱོད་གཏོང་གི་འདུག་པས། མ་འོངས་པར་རིམ་པས་རྒྱལ་སྤྱིའི་ནང་ཐ་སྙད་འདི་ལ་བརྟེན་ནས་ཤུགས་རྐྱེན་དམིགས་བསལ་ཞིག་ཐེབས་ངེས་རེད། བཙན་བྱོལ་བོད་པའི་སྤྱི་ཚོགས་ནས་ཀྱང་ཕྱི་ལོ་༢༠༡༡ ལོར་ཁྲིམས་ཡིག་ཁག་གི་ནང་དུ་བཙན་བྱོལ་བོད་གཞུང་ཞེས་པའི་ཐ་སྙད་དེ་མེད་པ་བཟོས་ཤིང། དེའི་ཚབ་ཏུ་བོད་མིའི་སྒྲིག་འཛུགས་སུ་བསྒྱུར། དེ་ནས་རིམ་པས་གཞུང་ཞེས་པའི་ཐ་སྙད་དེ་བཞག་ནས་བོད་མི་ཞེས་པ་རྒྱ་ཁྱབ་ཏུ་གཏོང་ཐབས་བྱེད་བཞིན་ཡོད།

ཁྱབ་ཁོངས་རང་སྐྱོང་ཁག་གི་མིང་ཡང་རིམ་བཞིན་བསྒྱུར་ཡོད་པ་དང། དཔེར་ན་སྔོན་མ་བོད་གཞུང་སྨན་རྩིས་ཁང་ཞེས་པ་དེ་ཕྱི་ལོ་༢༠༡༡ གི་རྗེས་སུ་བོད་ཀྱི་སྨན་རྩིས་ཁང་ཞེས་པར་བསྒྱུར་བ་དང། ཉེ་བའི་ཆར་བོད་ཅེས་པའི་ཐ་སྙད་འདི་བསུབས་ནས་འགྲོ་ཕན་སྨན་རྩིས་ཁང་ཞེས་པར་བསྒྱུར་ཡོད་པ་རེད། འདི་ནི་དང་པོ་བོད་གཞུང་གི་ཐ་སྙད་འདི་མེད་པ་བཟོས། དེ་ནས་རིམ་པས་གཞུང་དང་གཞུང་གི་ཁྱབ་ཁོངས་རང་སྐྱོང་སྡེ་ཚན་ཁག་གི་མིང་དང་འབྲེལ་བའི་བོད་ཀྱི་ཐ་སྙད་འདིའང་བསྡུ་གསོག་རྒྱག་བཞིན་པའི་མིག་སྔའི་གནས་ཚུལ་ཞིག་ཏུ་གྱུར་ཡོད། མང་པོ་ཞིག་གིས་ཐ་སྙད་ལ་དེ་ཙམ་གཙིགས་ཆེན་འཛིན་གྱི་མེད་ནའང། མ་འོངས་པར་རྒྱུན་རིང་སོང་རྗེས་ཐ་སྙད་དེ་སྤྱི་ཚོགས་ནས་བརླགས་པ་ནང་བཞིན། ཐ་སྙད་དེའི་ཤུགས་རྐྱེན་དང་ནུས་པ་དམིགས་ཡུལ་བཅས་གང་ཐད་ནས་འགྱུར་བ་བཏང་ནས་ཁེ་ཕན་ཆུང་ཙག་ཉི་ཚེ་བ་དེ་འདྲ་ལ་དམིགས་ཏེ། བོད་ཀྱི་རིག་གནས་ཆེ་བ་ལྔའི་ཡ་གྱལ་བོད་ཀྱི་གསོ་བ་རིག་པ་འདི་ཡང་རྒྱ་གར་སྲོལ་རྒྱུན་སྨན་ལུགས་ཀྱི་ཆ་ཤས་ཙམ་ལ་ངོས་ལེན་བྱེད་ངེས་རེད།

རྒྱ་དམར་གཞུང་གིས་དམིགས་ཡུལ་ངེས་ཅན་ཞིག་གི་ཐོག་ནས་བོད་ཀྱི་ཐ་སྙད་འདི་རྒྱལ་སྤྱིའི་སྒང་ནས་ཡལ་དུ་འཇུག་རྒྱུའི་སྲིད་བྱུས་ངན་པ་ཞིག་བཟུང་ཡོད་པ་དང། བཙན་བྱོལ་ནང་ནས་རྒྱ་གཞུང་ལ་ངོ་དགའ་དང། སྐབས་རེ་ཁེ་ཕན་ཆུང་ཙག་རེ་ལ་དམིགས་ནས་གལ་ཆེའི་ཐ་སྙད་འདི་དག་གྱོན་ཆས་བཞིན་བརྗེ་མོ་རྒྱག་ཆོག་ཆོག་ཅིག་ཏུ་ངོས་འཛིན་བྱེད་བཞིན་ཡོད། དོན་དུ་གནས་སྐབས་ཀྱི་ཁེ་ཕན་རྒྱ་ཆེན་པོ་ཞིག་རག་ཐུབ་མིན་ཡང་ཁ་ཚོན་གཅོད་དཀའ་བ་ནི། དཔེ་དང་སྦྱར་ནས་བཤད་ན་བོད་པའི་ཁ་རྒྱུན་དུ་“གཉན་རྗེས་ཝ་ཡིས་དེད། གཉན་རླིག་གར་ཆད་མ་གོ་”ཞེས་པ་བཞིན། ཝ་མོས་རི་དྭགས་གཉན་གྱི་རླིག་པ་དེ་ཆེན་པོ་ཡོད་པ་དང། གཡུགས་སྟངས་ལ་བལྟས་ན་རྩ་བ་བརྟན་པོ་མེད་པས་མགྱོགས་པོ་ཆད་འགྲོ་ངེས་རེད། ཆད་སོང་ན་ཤ་ཡིད་ཚིམ་པ་ཞིག་རག་པའི་རེ་བ་བརྒྱབ་སྟེ་གཉན་གྱི་རྗེས་ག་ཚོད་དེད་ཀྱང། དོན་དུ་ཝ་མོ་ལ་ཟས་ཁམ་གང་མ་རག་པ་བཞིན། ཁེ་ཕན་ཆུང་ཙག་རེ་ལ་དམིགས་ནས་འགྱུར་བ་མང་པོ་བཏང་ཡང་དོན་དུ་ཁེ་ཕན་འཐོབ་དཀའ་བ་ཆོས་ཉིད་རེད།

ད་ལྟ་བོད་ཡིག་གཅིག་པུའི་ཐོག་ནས་བཤད་ཀྱང། དབྱེ་བ་མང་པོ་ཕྱེས་ནས་བོད་ཡིག་དང། རྫོང་ཁ། བྷོ་ཊི་སོགས་སུ་བསྒྱུར་ཡོད་པ་དང། རྒྱལ་སྤྱིའི་ནང་སྐད་ཡིག་དར་ཁྱབ་དང་བཀོལ་སྤྱོད་ཆེ་ཤོས་ཀྱི་ཁྱབ་ཁོངས་Microsoft ནང་བོད་དུ་བཞུགས་པའི་བོད་རིག་པའི་མཁས་པ་བཀྲ་ཤིས་ཚེ་རིང་གིས་འབད་བརྩོན་བརྒྱུད་བོད་ཡིག་འཇུག་ཐབས་བྱས་ཡོད་ཀྱང། Tibetan ཞེས་པའི་ཚིག་དེ་འབྲུག་པས་སྔོན་ནས་དེབ་སྐྱེལ་བྱས་ནས་ཁོང་ཚོས་ད་བར་བེད་སྤྱོད་གང་ཡང་བྱས་མེད་ཀྱང། བོད་ཡིག་ལ་མིང་Tibetan མ་རག་པར་བརྟེན་Microsoft Himalaya ཞེས་མ་བཏགས་ཀ་མེད་ཆགས་པ་རེད། སྤྱིར་རྩིས་འཕྲུལ་དང་དྲ་རྒྱའི་ཁྱབ་ཁོངས་སུ་བོད་ཡིག་རྒྱ་ཁྱབ་ཏུ་བེད་སྤྱོད་གཏོང་རྒྱུ་ཡོད་པ་ཞིག་ཏུ་གྱུར་པར་བརྟེན། བོད་རིག་པའི་མཁས་པ་བཀྲ་ཤིས་ཚེ་རིང་ནི་བོད་ཀྱི་སྐད་ཡིག་ལ་བྱས་རྗེས་ཅན་དུ་གྱུར་པས་བསྔགས་བརྗོད་འོས་པ་ཞིག་རེད། སྐབས་དེར་བོད་ཡིག་ལ་བོད་ཡིག་གི་མིང་རག་ཐབས་མ་བྱུང་བ་དེ་ནི་བོད་དང་བོད་པའི་ངོས་ནས་བློ་ཕམ་གྱི་རང་བཞིན་ཞིག་ཏུ་གྱུར་ཡོད།

མདོར་ན་བོད་དང་བོད་མིའི་གནས་སྟངས་དེ་ཉག་ཕྲ་ཤོས་ཀྱི་དུས་ཚོད་ཅིག་ཏུ་གྱུར་ཡོད་པས། ཕྱི་དགྲ་ལྕགས་ནག་གི་སེར་བ། ནང་དགྲ་ཁང་རྒན་གྱི་ཐིགས་པ་ག་འདྲ་ཞིག་ཡོད་ཀྱང། བོད་པའི་ངོས་ནས་བོད་ཅེས་པ་འདི་ཉིད་དུས་ནམ་ཡང་སྣང་ཆུང་དང། ཆུད་ཟོས། བློས་གཏོང་འོས་པའི་ཐ་སྙད་ཅིག་གཏན་ནས་མིན་ལ། བོད་ཅེས་པའི་ཐ་སྙད་འདི་བརླག་པའི་ཉིན་མོ་ནས་བོད་པའི་འཐབ་རྩོད་ཀྱང་རང་བཞིན་གྱིས་བརླག་ངེས་རེད། ད་དུང་ཕྱི་རྒྱལ་ཁག་ཏུ་བོད་རིགས་ཚོགས་པ་དང། བོད་རིགས་སྤྱི་མཐུན་ཚོགས་པ་ཞེས་པ་ལྟ་བུའི་ཚིག་འདི་དག་ཀྱང་ཆབ་སྲིད་ཀྱི་ཐོག་ནས་རྒྱ་གཞུང་གིས་ཆེད་དུ་རྒྱབ་ལྗོངས་ཡོད་པའི་ཐོག་ནས་བཀོལ་སྤྱོད་བྱེད་བཞིན་པའི་མིང་ཚིག་འབའ་ཞིག་ཡིན་པས། བོད་ཀྱི་ཚོགས་པ་ཞེས་བཏགས་ན་དགེ་མཚན་ཡོད། མདོར་ན་འཐབ་རྩོད་དང་རྩ་དོན་གང་ཐད་ནས་གལ་གནད་ཆེ་ཤོས་ཀྱི་ཐ་སྙད་བོད་འདི་བདག་པོ་རྒྱག་ཐུབ་དགོས། སྔོན་མ་གྲོས་ཚོགས་ནང་བོད་རྒྱལ་ལོ་ལབ་ཆོག་མིན་གྱི་དོགས་འདྲི་སླེབས་པ་བཞིན་མ་འོངས་པར་བོད་ཅེས་པ་འདི་ཐ་སྙད་བེད་མེད་ཞིག་ཏུ་འགྱུར་མི་སྲིད་པ་རེད་མི་འདུག །

Share this:

Leave a Reply