འཇམ་དབྱངས་ནོར་བུས་བོད་མིའི་སྒྲིག་འཛུགས་ཀྱིས་རང་བཙན་རྩོད་པའི་དུས་ལ་བབ་ཡོད་ཅེས་གསུངས་འདུག

བོད་ཀྱི་རྩོམ་པ་པོ་དང་རང་བཙན་འཐབ་རྩོད་པ་གྲགས་ཅན་འཇམ་དབྱངས་ནོར་བུས་“བོད་མིའི་སྒྲིག་འཛུགས་རང་གིས་ཐག་བཅད་དེ་བོད་རང་བཙན་ཡིན་པའི་ཡིན་རབས་དང་། འཐབ་རྩོད་དེ་རྩོད་དང་རྩོད་བཞིན་པ་ཞིག་ཡིན་ཞེས་གསུང་”དགོས་པ་དང་། དེ་ལྟར་གསུངས་པ་ཡིན་ན། རྒྱལ་ཁབ་གཞན་ཚོས་ཀྱང་“བོད་དེ་དངོས་གནས་རང་བཙན་རེད་ཟེར་བ་དེ་ཞེ་དྲག་སླ་རུ་འགྲོ་ཡི་རེད་”ཅེས་གསུངས་འདུག 

ཕྱི་ཟླ་༧ ཚེས་༢ རེས་གཟའ་ཕུར་བུའི་ཉིན་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་ངོ་དེབ་ཐོག་ཏུ་སྤེལ་བའི་བརྙན་ཐུང་དེའི་ནང་། བོད་ཀྱི་རང་བཙན་འཐབ་རྩོད་པ་གྲགས་ཅན་འཇམ་དབྱངས་ནོར་བུས་“བོད་རང་བཙན་གྱི་སྤྱིན་བདག་ངོ་མ་དེ་སུ་རེད་ཟེར་ན་བོད་མི་མང་རེད། བོད་མི་མང་གི་སྐུ་ཚབ་སུ་རེད་ཟེར་ན་བཙན་བྱོལ་གཞུང་དེ་རེད། བཙན་བྱོལ་གཞུང་གི་ཞལ་ནས་བོད་རང་བཙན་རེད། བོད་རང་བཙན་མུ་མཐུད་དགོས་ཡོད་ཅེས་མ་གསུངས་ན། གཞན་དག་གིས་ཟུར་ནས་སྐད་བརྒྱབ་ནས་རམ་འདེགས་བྱས་པ་ཡིན་ན་རན་པོ་རྩ་བ་རང་ནས་ཡོད་མ་རེད། དེར་བརྟེན་དེ་ཡིན་གཅིག་མིན་གཉིས་དྷ་རམ་ས་ལ་རང་ནས་གསུང་དགོས་པའི་དུས་ཚོད་ཅིག་ཏན་ཏན་བསླེབས་འདུག་བསམ་གྱི་འདུག་”ཅེས་གསུངས་འདུག 

བོད་སྐད་ཀྱི་ཐོག་ཏུ་གསུངས་པའི་གཏམ་བཤད་ཀྱི་བརྙན་ཐུང་དེའི་ནང་། རྩོམ་པ་པོ་འཇམ་དབྱངས་ནོར་བུས་རྒྱ་ནག་གིས་ཧོང་ཀོང་དུ་གཏན་ལ་ཕབ་མ་ཐག་པའི་བཅའ་ཁྲིམས་གསར་པ་དེས། ད་བར་ཧོང་ཀོང་དུ་རང་དབང་དང་ཐོབ་ཐང་ཕྲན་བུ་ཡོད་པ་དེའང་མེད་པ་བཟོས་ནས་རྒྱ་ནག་མི་མང་དང་གཅིག་མཚུངས་འགྱུར་བའི་ལམ་ཁ་བཏིངས་ཟིན་པ་མ་ཟད། ཐའེ་ཝན་ལ་ཡང་ཉིན་ལྟར་གནམ་གྲུ་བཏང་ནས་འཇིགས་སྣང་སྐུལ་བཞིན་ཡོད་པ་དེས། ད་བར་རྒྱ་ནག་གིས་བསྒྲགས་པའི་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཟེར་བ་དེ་ཡོངས་ཐབས་བྲལ་བ་ཞིག་ཡིན་པ་སྟོན་གྱི་ཡོད་སྟབས། “ང་རང་ཚོས་སྔོན་མ་༧རྒྱལ་བ་རིན་པོ་ཆེས་སི་ཏྲར་སི་སྦག་ལ་བཀའ་སློབ་གནང་བ་དེ་་་། ང་རང་ཚོས་རང་བཙན་བློས་བཏང་ནས་རང་སྲིད་རང་སྐྱོང་གི་ཐོབ་ཐང་ལ་རེ་བ་སྐྱོན་པ་དེ་ཚོ་ད་ནི་རྦད་དེ་གཞི་རྟེན་རྩ་བ་རང་ནས་མེད་པ་ཆགས་ཡོད་”པ་དང་། དེར་བརྟེན་“ང་ཚོའི་གཞུང་”ནས་ཀྱང་དེ་ལ་དགོངས་པ་བཞེས་ནས་ཕྱག་ལས་གནང་དགོས་པ་ལས་གོ་མེད་ཚོར་མེད་དུ་བསྡད་ན་འགྲིག་གི་མེད་ཚུལ་གསུངས་འདུག 

གཞན་ཡང་། ཁོང་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་དང་། བོད་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས། གཞོན་ནུ་ལྷན་ཚོགས་ལ་སོགས་པ་སྤྱི་སྒེར་མང་པོ་ཞིག་གིས་ལས་དོན་ལེགས་པོ་བསྒྲུབས་པར་བསྔགས་བརྗོད་ཡོད་ཀྱང་། “དུས་ཚོད་འདི་འདྲ་ལ་ང་རང་ཚོས་བསམ་བློ་འདི་ལས་ཁྱབ་ཆེ་བ་ཞིག་གཏོང་དགོས་པ་གནད་འགག་ཆེན་པོ་ཆགས་ཡོད་”པ་དང་། དེའི་རྒྱུ་མཚན་ནི་ད་ལྟའི་ཆར་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་དང་། རྒྱ་ནག་གི་ཧམ་ཤེད་ཀྱི་སྤྱོད་ཚུལ་ལ་བརྟེན་ནས་འཛམ་གླིང་མི་མང་གི་ལྟ་ཚུལ་ཡོངས་སུ་འགྱུར་བ་ཐེབས་ཡོད་ཅེས་གསུངས་འདུག

དེ་མིན་ད་དུང་། ཁོང་གིས་བོད་ཀྱི་འཐབ་རྩོད་ཀྱི་སྲིད་བྱུས་ལ་འགྱུར་བ་གཏོང་བའི་གོམ་པ་དང་པོ་དེ་མང་གཙོའི་ལམ་ལུགས་ལྟར་སྤྱི་འཐུས་ལྷན་ཚོགས་ནས་སྤོ་དགོས་པ་གལ་ཆེན་པོ་ཆགས་ཡོད་པ་དང་། དེ་ཡང་ཛ་དྲག་ཐོག་ནས་ཉི་མ་ཁ་ཤས་འཚོགས་ཏེ་དེའི་ཐོག་ལ་བགྲོ་གླེང་དང་ཐག་གཅོད་ཀྱིས་ཁྲིམས་གསར་པ་བཟོས་ནས་གཞུང་ལ་ཡར་ཞུ་དགོས་པ་དང་། དེ་ནས་“སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱི་ཐོག་ནས་ཐག་གཅོད་གནང་སྟེ་འཛམ་བུ་གླིང་ལ་‘བོད་རང་བཙན་ཡིན། དེའི་ཐོག་ང་ཚོས་མུ་མཐུད་ནས་འཐབ་རྩོད་བྱེད་ཀྱི་ཡིན། ནམ་ཡང་ང་ཚོས་བློས་གཏོང་གི་མིན་’ཞེས་གསལ་བསྒྲགས་གནང་དགོས་རེད་”ཅེས་གསུངས་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།