འཇར་མན་གྱི་སློབ་ཆེན་རྣམས་ཀྱིས་ཀྱང་ཁུང་ཙི་ལྟེ་གནས་ཁང་དང་འབྲེལ་ཐག་གཅོད་རྒྱུ་ཡིན་འདུག 

ཨ་རི་དང་ཡུ་རོབ་ཀྱི་རྒྱལ་ཁབ་གཞན་རྣམས་ཀྱི་ནང་དུ་སློབ་ཆེན་མང་པོ་ཞིག་གིས་རྒྱ་ནག་གཞུང་ནས་འགྲོ་གྲོན་ཕོན་ཆེན་བཏང་སྟེ་བཙུགས་པའི་ཁུང་ཙི་ལྟེ་གནས་ཁང་(Confucius Instittute) རྣམས་སྒོ་བརྒྱབ་ཟིན་པ་ལྟར། འཇར་མན་གྱི་སློབ་ཆེན་རྣམས་ཀྱིས་ཀྱང་རྒྱ་ནག་གི་རྫུན་བསྒྲགས་དང་གསང་ཉུལ་གྱི་ལྟེ་བར་གྲགས་པའི་ལྟེ་གནས་ཁང་དེ་དག་དང་འབྲེལ་ཐག་གཅོད་རྒྱུ་ཡིན་འདུག 

འཇར་མན་གྱི་གསར་ཁང་ཌེའི-ཝེལ་ཋ་(Die Welt)ཡིས་ཕྱི་ཟླ་༧ ཚེས་༢༤ ཉིན་གནས་ཚུལ་སྤེལ་བ་ལྟར་ན། འཇར་མན་གྱི་སློབ་ཆེན་ཧཱམ་བྷར་(the University of Hamburg)གྱིས་འདི་ལོའི་ལོ་མཇུག་ཏུ་ཁུང་ཙི་ལྟེ་གནས་ཁང་དང་འབྲེལ་ཐག་གཅོད་རྒྱུ་ཡིན་པ་དང་། དེའི་རྒྱུ་མཚན་ནི་“ཆབ་སྲིད་ཀྱི་ཤུགས་རྐྱེན་དང་། གནས་ཚུལ་ཕྱིར་སྤྲོད་”ཀྱི་ཉེན་ཁ་དང་འབྲེལ་བ་ཡོད་སྐོར་བཤད་ཡོད་འདུག 

འཇར་མན་གྱི་སློབ་ཆེན་ཞིག་གིས་ཁུང་ཙི་ལྟེ་གནས་ཁང་དང་འབྲེལ་ཐག་བཅད་དེ་སྒོ་བརྒྱབ་པ་འདི་ད་ཐེངས་ཐོག་མ་མ་ཡིན་པར། དེ་སྔོན་ཕྱི་ལོ་༢༠༡༦ ལོར་ཧན་རི་ཆི-ཧན་སློབ་གྲྭ་ཆེན་མོ་(Heinrich Heine University)ཡིས་རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་ཀྱི་ཤུགས་རྐྱེན་ལ་འཇིགས་ནས་སློབ་ཆེན་དེར་བཙུགས་པའི་ཁུང་ཙི་ལྟེ་གནས་ཁང་དང་འབྲེལ་ཐག་བཅད་འདུག་པའི་ཐོག ད་ལྟའི་ཆར་བྷོན་སློབ་ཆེན་(The University of Bonn)ནས་ཀྱང་མུ་མཐུད་ཁུང་ཙི་ལྟེ་གནས་ཁང་དང་མཉམ་འབྲེལ་བྱེད་དགོས་མིན་ཐོག་བསམ་གཞིགས་བྱེད་ཀྱི་ཡོད་འདུག 

དེ་མིན་ད་དུང་རང་དབང་མང་གཙོ་ཚོགས་པ་(Free Democratic Party) ཞེས་པའི་འཇར་མན་གྱི་ཆབ་སྲིད་ཚོགས་པ་ཡིས་རྒྱལ་ཁབ་དེ་གའི་ཤེས་ཡོན་སློབ་གསོའི་རང་དབང་སྲུང་སྐྱོབ་བྱེད་པའི་ཆེད། རྒྱ་ནག་གིས་སྤྱིན་བདག་བྱས་པའི་ལྟེ་གནས་ཁང་དེ་དག་ལ་སྟངས་འཛིན་ནན་པོ་བྱེད་དགོས་པའི་ཁྲིམས་འཆར་ཞིག་ཀྱང་བཏོན་ཡོད་འདུག

ཨ་རིས་མཚོན་པའི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་གི་སློབ་གྲྭ་ཆེན་མོ་རྣམས་ཀྱིས་ཁུང་ཙི་ལྟེ་གནས་ཁང་ནི་རྒྱ་ནག་དམར་ཤོག་ཚོགས་པའི་རྫུན་བསྒྲགས་དང་གསང་ཉུལ་གྱི་ལྟེ་བ་ཡིན་པ་ཤེས་རྟོགས་བྱུང་ནས་འབྲེལ་ཐག་བཅད་དང་གཅོད་བཞིན་ཡོད་པ་མ་ཟད། འཛམ་གླིང་ཡོངས་ནས་རྒྱ་ནག་གི་ལྟེ་གནས་ཁང་དེ་དག་ལ་སྐྱོན་བརྗོད་དང་དགག་པ་ཤུགས་ཆེན་འཕག་བཞིན་ཡོད་པར་བརྟེན། ཟླ་བ་འདིའི་འགོ་སྟོད་དུ་རྒྱ་ནག་གཞུང་གིས་ལྟེ་གནས་ཁང་དེ་དག་གི་མིང་བརྗེས་ནས་“མཉམ་འབྲེལ་དང་སྐད་ཡིག་བརྗེ་རེས་ཀྱི་ལྟེ་གནས་ཁང་”ཞེས་བཏགས་ཡོད་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།