འཇར་མན་གྱིས་ཨི་སི་རིལ་ལ་དམག་རོགས་བྱ་རྒྱུ་དང་པ་ལི་སི་ཐན་ལ་རོགས་སྐྱོར་མཚམས་འཇོག་རྒྱུ་རེད་འདུག
ཟླ་འདིའི་ཚེས་༡༢ ཉིན་(The Guardian) ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཧ་མ་སི་དམག་དཔུང་གིས་བདུན་ཕྲུག་སྔ་མའི་རེས་གཟའ་སྤེན་པའི་ཉིན་དྲག་རྒོལ་བྱེད་སྐབས་འཛིན་བཟུང་བྱས་པའི་གཏའ་མིའི་ནང་ནས་མི་གྲངས་༩༧ ར་སྤྲོད་བྱུང་ཡོད་པ་དང་། ད་བར་གྷ་རྫ་ནང་གི་མི་གྲངས་འབུམ་གསུམ་ལྷག་གནས་སྤོ་བྱེད་དགོས་བྱུང་ཡོད་པའི་གནས་ཚུལ་ཐོན་འདུག

ཧ་མ་སི་དམག་དཔུང་གིས་ཨི་སི་རིལ་ལ་བཙན་འཛུལ་དང་གཏོར་རྒོལ་བྱས་ནས་ཉིན་དྲུག་པ་དེ་འགྲོ་ཡི་ཡོད་པ་དང་། བདུན་འདིའི་རེས་གཟའ་ལྷག་པའི་ཉིན་དམག་འཁྲུག་གི་དབང་གིས་མི་གྲངས་ཁྲི་༧༥༠༠༠ གནས་སྤོ་བྱེད་དགོས་བྱུང་ཡོད་པ་དང་ད་ལྟའི་ཆར་གྷ་རྫ་ས་ཁུལ་དུ་མི་གྲངས་༣༣༨༠༠༠ ལྷག་བཙན་དབང་གིས་གནས་སྤོ་བྱེད་དགོས་བྱུང་ཞིང་། པ་ལི་སི་ཐན་གྱི་ས་མཚམས་ས་ཁུུལ་དུ་ཨི་སི་རིལ་གྱིས་འབར་མདེལ་གྱི་རྒོལ་རྡུང་མུ་མཐུད་གཏོང་བཞིན་པ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བརྗོད་འདུག
ཨི་སི་རིལ་གྱི་དམག་དོན་སྐུ་ཚབ་ཀྱིས་ཨི་སི་རིལ་གཞུང་གིས་རེས་གཟའ་སྤེན་པའི་ཉིན་ཧ་མ་སིིའི་དམག་དཔུང་གིས་གཏོར་རྒོལ་དང་བཙན་འཛུལ་ཁྲོད་འཛིན་བཟུང་བྱས་པའི་གཏའ་མིའི་ཁྲོད་ནས་མི་གྲངས་༩༧ ར་སྤྲོད་བྱུང་ཡོད་པ་དང་། ད་བར་མི་གྲངས་བརྒྱ་ལྷག་འཛིན་བཟུང་བྱས་ཡོད་པ་ཡིད་ཆེས་བྱེད་བཞིན་འདུག
ཟླ་འདིིའི་ཚེས་༡༢ ཉིན་རྒྱལ་སྤྱིའི་རྒྱ་གྲམ་དམར་པོ་ཚོགས་པས་ཧ་མ་སི་དང་ཨི་སི་རིལ་གཉིས་དང་འབྲེལ་བ་བྱས་ཏེ་འཛིན་བཟུང་བྱས་ཡོད་པའི་གཏའ་མི་རྣམས་ཀྱི་ཐོག་ལ་གྲོས་མོལ་ཡོང་ཐབས་བྱས་ཀྱང་། ད་ལྟའི་ཆར་གྲོས་མོལ་ཡོང་རྒྱུ་ཁག་པོ་ཆགས་ཡོད་འདུག

འཇར་མན་གྱི་སྲིད་བློན་གྱིས་ཨི་སི་རིལ་གྱི་སྲིད་བློན་ལ་ཁ་པར་བཏང་ནས་དགོས་མཁོ་གང་བྱུང་ཡང་འབྲེལ་བ་གནང་རོགས་ཞེས་བརྗོད་པ་དང་། འཇར་མན་གྱིས་ཨི་སི་རིལ་ལ་དམག་གི་ཐོག་ལ་རོགས་རམ་བྱ་རྒྱུ་དང་། འཇར་མན་ནང་ཧ་མ་སི་ལ་རྒྱབ་སྐྱོར་བྱེད་མཁན་བྱུང་ཚེ་དྲག་གནོན་བྱ་རྒྱུའི་ཁས་ལེན་བྱས་ཡོད་པ་མ་ཟད། སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆེད་པ་ལི་སི་ཐན་ལ་རོགས་སྐྱོར་གནང་རྒྱུ་གནས་སྐབས་མཚམས་འཇོག་བྱེད་རྒྱུ་རེད་འདུག གཞན་ཡང་ཐེངས་འདིའི་དམག་འཁྲུག་ཞི་ལྷོད་དུ་གཏོང་བའི་ཐད་ནུས་པ་དེ་ཨི་ཇིབ་(Egypt)་དང་ཏུར་ཀི(Turkey) དེ་བཞིན་ཁ་ཐར་(Qatar) ་བཅས་ལ་ཡོད་པ་འཇར་མན་སྲིད་བློན་གྱིས་བརྗོད་འདུག་ལ། ཁོང་གིས་རྒྱལ་ཁབ་དེ་གསུམ་ལ་འབྲེལ་བ་བྱས་ནས་དམག་འཁྲུག་ཞི་ལྷོད་ཡོང་རྒྱུར་ཐབས་ཤེས་བྱེད་བཞིན་ཡོད་ཅེས་བརྗོད་འདུག
ཟླ་འདིའི་ཚེས་༡༢ ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨི་སི་རིལ་གྱི་གྲོང་ཁྱེར་ (Tel Aviv) ལ་འབྱོར་ཡོད་པ་དང་། ཁོང་དང་ཨི་སི་རིལ་གྱི་འགོ་ཁྲིད་ཁག་ཅིག་མཇལ་འཕྲད་གནང་རྒྱུ་དང་། སང་ཉིན་ཚེས་༡༣ ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་པ་ལི་སི་ཐན་གྱི་སྲིད་འཛིན་མཇལ་འཕྲད་གནང་རྒྱུའི་ཚོད་དཔག་བྱེད་བཞིན་འདུག
ཨི་སི་རིལ་གྱི་ནུས་ཤུགས་བློན་ཆེན་(Energy minister) གྱིས་གྷ་རྫའི་ལག་ཏུ་ཡོད་པའི་གཏའ་མི་རྣམས་གློད་བཀྲོལ་མ་བཏང་བར་གྷ་རྫ་ལ་གློག་དང་ཆུ་འགོག་རྒྱུ་ཙམ་མ་ཟད། རྡོ་སྣུམ་ཡང་གཏོང་རྒྱུ་མིན་ཞེས་བརྗོད་ཡོད་འདུག

ཨི་སི་རིལ་དུ་ཐེ་ལན་ཌིའི་མི་སེར་༣༠༠༠༠ ལྷག་ཡོད་པ་དང་མང་ཆེ་བ་ནི་ཞིང་ལས་སྡེ་ཁག་ནང་ལས་ཀ་བྱེད་ཀྱི་ཡོད་འདུག དམག་འཁྲུག་གི་ཁྲོད་ད་བར་ཐེ་ལན་ཌིའི་མི་སེར་༢༡ གི་ཚེ་སྲོག་ཤོར་ཡོད་འདུག ལྷག་པར་དུ་འཛིན་བཟུང་བྱས་པའི་གཏའ་མིའི་ཁྲོད་ཐེ་ལན་ཌིའི་མི་སེར་༡༤ ཚུད་ཡོད་འདུག་པས་ཁོང་རྣམ་པའི་གནས་སྟངས་ཐོག་ལ་སེམས་འཚབ་བྱེད་བཞིན་ཡོད་འདུག
ད་བར་དམག་འཁྲུག་གི་ཁྲོད་དུ་གྷ་རྫའི་མི་གྲངས་༡༣༠༠ དང་ཨི་སི་རིལ་གྱི་མི་གྲངས་༡༢༠༠ ཡི་ཚེ་སྲོག་ཤོར་ཡོད་པ་དང་། གྲངས་ཀ་མུ་མཐུད་འཕར་རྒྱུའི་ཚོད་དཔག་བྱེད་བཞིན་འདུག
དབྱིན་ཡུལ་དུ་ཡོད་པའི་ཨི་སི་རིལ་གྱི་དམག་མི་༡༠༠ ལྷག་ཕྱིར་ཕ་ཡུལ་དུ་ལོག་ནས་དམག་འཁྲུག་གི་ནང་ཞུགས་ཡོད་པ་སོགས་ཀྱི་གནས་ཚུལ་ཁག་ཅིག་ཐོན་འདུག།
གསར་འགོད་པ་བློ་བཟང་རྒྱ་མཚོ།