འཇར་མན་གྱིས་ཨི་སི་རེལ་ལ་དམག་དོན་ཡོ་ཆས་བཙོངས་པར་སྐྱོན་བརྗོད།
ཟླ་འདིའི་ཚེས་༩ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། འཇར་མན་གྱིས་ཨི་སི་རེལ་ལ་དམག་དོན་ཡོ་ཆས་བཙོངས་པ་མ་ཟད་པ་ལི་སི་ཐན་གྱི་སྐྱབས་བཅོལ་བ་ཚོ་ལ་རོགས་སྐྱོར་མཚམས་འཇོག་བྱས་ཡོད་པར་བརྟེན། རྒྱལ་ཚོགས་སུ་འཇར་མན་གྱིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་རིགས་རྩ་མེད་གཏོང་བའི་གྲོས་མཐུན་དང་འགལ་ཡོད་པར་སྐྱོན་བརྗོད་བྱེད་མཁན་བྱུང་ཡོད་འདུག
ཕྱི་ལོ་༢༠༢༣ ་ལོ་ཨི་སི་རེལ་གྱི་གོ་མཚོན་བརྒྱ་ཆ་༣༠% ་ནི་འཇར་མན་གྱི་རྩ་ནས་ཉོས་ཡོད་པ་དང་གོ་མཚོན་ཉོས་པའི་དངུལ་ཨ་སྒོར་ས་ཡ་༣༠༠ ་ལྷག་ཟིན་ཡོད་པར་བརྟེན། བདུན་འདིའི་རེས་གཟའ་ཟླ་བའི་ཉིན་སྒེར་གཅོད་པའི་སྲིད་གཞུང་ནེ་ཁ་ར་གུ་(Nicaragua) ་ཞེས་པས་རྒྱལ་ཚོགས་སུ་འཇར་མན་གྱིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་རིགས་རྩ་མེད་གཏོང་བའི་གྲོས་མཐུན་དང་འགལ་ཡོད་པར་སྐྱོན་བརྗོད་བྱས་ཡོད་འདུག
འཇར་མན་གྱིས་སྐྱོན་འཛུགས་དེ་དང་ལེན་མ་བྱས་པ་མ་ཟད། རེས་གཟའ་མིག་དམར་ལ་རྒྱལ་སྤྱིའི་ཁྲིམས་ཁང་ལ་དག་འབུད་ཀྱི་སྙན་ཞུ་འབུལ་རྒྱུ་ཡིན་འདུག དེ་བཞིན་ཨི་སི་རེལ་གྱིས་ཀྱང་སྐྱོན་འཛུགས་དེ་ལ་དང་ལེན་མ་བྱས་པ་དང། ཨི་སི་རེལ་ལ་རང་སྲུང་བྱེད་རྒྱུའི་ཐོབ་ཐང་ཡོད་ཅེས་ནན་བརྗོད་བྱས་ཡོད་འདུག
ཧ་མ་སིའི་འཛིན་སྐྱོང་འོག་ཡོད་པའི་འཕྲོད་བསྟེན་ལས་ཁུངས་ཀྱིས་བརྗོད་གསལ་ལྟར་ན། ཨི་སི་རེལ་གྱིས་གནམ་ས་གཉིས་ལ་གཏོར་རྒོལ་བྱས་པའི་ཁྲོད་ད་བར་གྷ་རྫ་ལ་ཡོད་པའི་མི་གྲངས་༣༣༠༠༠ ་ལྷག་གི་ཚེ་སྲོག་ཤོར་ཡོད་པ་དང་། དེ་དག་ལས་མང་ཆེ་བ་ནི་མི་སེར་ཆགས་ཀྱི་ཡོད་འདུག གཞན་ཡང་ཁ་སང་དེ་རིང་ཨི་སི་རེལ་གྱི་གྲོང་ཁྱེར་མང་པོའི་ནང་ཧ་མ་སིས་འཛིན་བཟུང་བྱས་ཡོད་པའི་ཨི་སི་རེལ་གྱི་མི་སེར་དག་སྐྱོབ་དགོས་པའི་འབོད་སྒྲ་བསྒྲགས་ནས་ངོ་རྒོལ་ཤུགས་ཆེན་བྱུང་ཡོད་འདུག ཨི་སི་རེལ་གྱི་མི་གྲངས་༡༣༠ ་ཙམ་ད་དུང་ཡང་ཧ་མ་སིས་གཏའ་མིར་ཉར་ཡོད་འདུག
མཉམ་འབྲེལ་རྒྱལ་ཚོགས་ཀྱིས་པ་ལི་སི་ཐན་གྱི་སྐྱབས་བཅོལ་བ་ཚོར་རོགས་སྐྱོར་ལས་ཁུངས་ལ་མ་དངུལ་སྤྲད་རྒྱུ་མཚམས་འཇོག་བྱེད་མཁན་ནུབ་ཕྱོགས་རྒྱལ་ཁབ་༡༥ ་ཡོད་པའི་ནང་ནས་གཅིག་ནི་འཇར་མན་ཆགས་ཀྱི་ཡོད་འདུག
རྒྱལ་སྤྱིའི་ཁྲིམས་ཞིབ་ཁང་དུ་ཕུལ་བའི་ཡིག་ཆ་ལྟར་ན། ཁྲིམས་ཁང་གིས་འཇར་མན་གྱིས་ཨི་སི་རེལ་ལ་གོ་མཚོན་འཚོང་རྒྱུ་མཚམས་འཇོག་དགོས་པའི་བཀའ་ཁྱབ་གཏོང་དགོས་པ་དང་། ད་ལྟ་གྷ་རྫ་ལ་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་ནས་མ་དངུལ་མུ་མཐུད་གཏོང་དགོས་པའི་རེ་འདུན་ཞུ་དགོས་པ། གལ་སྲིད་དེ་ལྟར་མ་བྱས་ན། འཇར་མན་གྱིས་མི་རིགས་རྩ་མེད་གཏོང་རྒྱུར་མཐུན་འགྱུར་བསྐྲུན་ཏེ། མི་རིགས་རྩ་མེད་གཏོང་རྒྱུ་འགོག་ཐབས་གང་ལྕོག་བྱེད་རྒྱུའི་དམ་བཅའ་དང་འགལ་ཡོད་པ་སོགས་གསལ་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།